༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ནང་ལས་ ཏི་རུ་ཆད་ཐོན་པའི་ ཉོགས་བཤད་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ བཙུགས་ཡོདཔ་ལས་ དངུལ་ཁང་དང་ ཁ་ཉེས་ཕོག་མི་ལས་བྱེདཔ་ གཉིས་ཆ་ར་ ཞིབ་དཔྱད་སྙན་ཞུ་ལུ་ སྒུག་སྡོད་ནུག།
ཏི་རུ་ཆད་ཐོན་མི་དེ་ཡང་ སྤྱི་ཟླ་༥ པའི་ནང་ བདའ་ཟུན་པའི་ཤུལ་ལུ་ དངུལ་ཁང་གིས་ ནང་འཁོད་རྩིས་ཞིབ་འབད་དེ་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་ད་ ཨེ་ཊི་ཨེམ་གྱི་ འགོ་འཛིན་པ་ ཕོ་སྐྱེས་དེ་ གཡོག་ནང་ལས་ དགོངས་ཕོག་བཏང་ཡོདཔ་ཨིན་པས།
ཨིན་རུང་ ཁ་ཉེས་ཕོག་མི་ ལས་བྱེདཔ་དེ་གིས་ཡང་ དྲང་བདེན་འཐོབ་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ལྷན་ཚོགས་ཀྱིས་ དབྱེ་ཞིབ་གནང་དགོཔ་སྦེ་ ཞུ་བ་འབད་དེ་ ཡོདཔ་ཨིན་པས།
མ་གཞི་ ཉོགས་བཤད་ཡི་གུའི་ནང་ བསྡོམས་ཀྱིས་དངུལ་ཀྲམ་ས་ཡ་༡༠ ཆད་ཐོན་ཡོདཔ་སྦེ་ བཀོད་ཡོད་རུང་ ད་ལྟོ་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་ལས་ དངུལ་འབོར་ཡར་མར་ འགྱོ་ནི་གི་ འོས་འབབ་ཡོད་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཁ་ཉེས་ཕོག་མི་དེ་གིས་ སླབ་མིའི་ནང་ ཐིམ་ཕུག་ལུ་ དངུལ་བཏོན་འཕྲུལ་ཆས་༩ གཞི་བཙུགས་འབད་མི་ཚུ་ག་ར་ ཁོ་ར་རྐྱངམ་གཅིག་གིས་ བལྟ་དགོཔ་ཨིན་རུང་ དངུལ་ཆད་ཐོན་མི་དེ་ ཁོ་གིས་ རྩ་ལས་ར་ ལོག་སྤྱོད་འབད་འབདཝ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ དངུལ་ཆད་ཐོན་མིའི་སྐོར་ལས་ཡང་ ཁོ་ར་གིས་ར་ ཡན་ལག་འཛིན་སྐྱོང་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ བདག་སྐྱོང་གི་ འགོ་དཔོན་གོངམ་ཚུ་གིས་ ཁོ་ལུ་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ ཆད་ཐོན་མི་ དངུལ་འབོར་དེ་ ཁོ་གིས་ ལོག་སྤྱོད་འབད་ཡོདཔ་སྦེ་ དབང་བཙོང་ཐོག་ ཡི་གུ་བྲིས་བཅུག་སྟེ་ མིང་རྟགས་ཡང་ རྐྱབ་བཅུག་ཅི་ཟེར་ཨིན་པས།
ཨིན་རུང་ ཁོ་ལུ་ བརྡུང་རྫོབ་འབད་བའི་ཤུལ་ལས་ གསོ་བའི་བརྟག་དཔྱད་ཀྱི་དོན་ལུ་ སྨན་ཁང་ནང་ཡང་ འགྱོ་མ་ཚུགས་པའི་ཁར་ ཁྲིམས་སྲུང་འགག་པ་ལུ་ཡང་ སྙན་ཞུ་མ་འབད་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ དེ་བསྒང་ མི་ལེ་ཤ་གི་ སྦུག་ལུ་བཙུགས་ཏེ་ བརྡུང་རྫོབ་འབད་བའི་བར་ འཇིགས་སྐྲག་སྟོན་མི་ལུ་བརྟེན་ ཁོ་ར་འདྲོག་པའི་ཤུགས་ཀྱིས་ ག་ཅི་འབད་ཡི་ག་ཡང་ དཔྱད་རིག་མི་བཏང་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཛིན་སྐྱོང་གིས་ ཁོ་ལུ་ ལེགས་ཤོམ་སྦེ་ གསལ་ཞུ་ནིའི་ གོ་སྐབས་རྩ་ལས་ར་ བྱིན་མ་བཏུབ་པའི་ཁར་ ནང་འཁོད་རྩིས་ཞིབ་འབད་ནིའི་དོན་ལུ་ཡང་ ཁྲི་འཛིན་གྱིས་ ཟླ་ངོ་༣ བྱིན་ནི་སྦེ་ སླབ་ཡོདཔ་ཨིན་རུང་ ཤུལ་ལས་ ཡན་ལག་འཛིན་སྐྱོང་པ་གིས་ གྲོས་བསྟུན་ཐོག་ལས་ བདུན་ཕྲག་༢ ལུ་ མར་ཕབ་འབད་ད་ཡི་ཟེར་ཨིན་པས།
དེ་མ་ཚད་ ཡན་ལག་འཛིན་སྐྱོང་པ་དང་ ནང་འཁོད་རྩིས་དཔྱད་འགོ་དཔོན་ཅིག་ དེ་ལས་ ཨེ་ཊི་ཨེམ་གྱི་སྐོར་ལས་ ཤེས་རྟོགས་ཡོད་མི་༢ འབད་མི་ སྡེ་ཚན་དེ་གིས་ རྩིས་ཞིབ་འབད་ཡོད་རུང་ དེ་གི་སྙན་ཞུ་ཡང་ ཁོ་ལུ་ བྱིན་མ་བཏུབ་ཟེར་ ཕོ་སྐྱེས་དེ་གིས་ ཁ་ཉེས་བཀལཝ་ཨིན་པས།
དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཌི་ཀེ་ གུབ་ཏ་གིས་ འཛིན་སྐྱོང་ལུ་ འདི་བཟུམ་མའི་ ཁ་ཉེས་བཀལ་མི་ ལ་ལོ་ཅིག་ མེ་བདེན་ཟེར་ཨིན་རུང་ ཨེ་ཊི་ཨེམ་༩ པོ་ཆ་ར་ ཁོ་ར་རྐྱངམ་གཅིག་གིས་ བལྟ་དོ་ཡོདཔ་སྦེ་ སླབ་མི་དེ་ལུ་ ངེས་བདེན་སྦེ་ སླབ་ནི་མིན་འདུག།
ཁོ་གིས་ སླབ་མིའི་ནང་ མ་གཞི་ ནང་འཁོད་རྩིས་ཞིབ་འབད་པའི་སྐབས་ལུ་ ངེས་ཏིག་དངུལ་བསྡོམས་ ག་དེམ་ཅིག་ ལོག་སྤྱོད་འབད་ཡོདཔ་ཨིན་ན་ ཤེས་མ་ཚུགས་རུང་ དངུལ་ཁང་གི་ ལམ་ལུགས་དང་འཁྲིལཝ་ད་ རྩིས་ཚུ་ག་ར་ ཚུལ་མཐུན་སྦེ་འདུག་ཟེར་ཨིན་པས།
ཨིན་རུང་ ཏི་རུ་ཚུ་ ཨེ་ཊི་ཨེམ་ནང་ལས་ བཏོན་འབག་ཡོད་པའི་ དོགས་པ་ཡོདཔ་ད་ ད་རེས་ ཁོ་ལུ་ ཉེས་འཛུགས་བཀོད་དགོ་མི་དེ་ཡང་ དེ་བསྒང་ ལས་བྱེདཔ་དེ་ ཨེ་ཊི་ཨེམ་གྱི་ འགོ་འཛིན་སྦེ་ སྡོད་ནི་དེ་གིས་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།