དངུལ་ཀྲམ་ས་ཡ་༡༠༠ མེན་པར་ ས་ཡ་༢༣ དེ་ཅིག་གི་ ཅ་ཆས་འཚིགས་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ དབྱེ་ཞིབ་འབད་བའི་སྐབས་ སྤྱི་ཟླ་༨ པའི་ཚེས་༩ གི་དྲོ་པར་ མཛོད་ཁང་ལུ་ མེ་རྐྱེན་བྱུང་མི་དེ་ནང་ དངུལ་ཀྲམ་ས་ཡ་༡༠༠ ལྷགཔ་ཅིག་མེན་པར་ དངུལ་ཀྲམ་ས་ཡ་༢༣ དེ་ཅིག་གནས་པའི་ ལྟོ་རྒྱགས་དང་ ལས་འཛིན་གྱི་ ཅ་ཆས་ཚུ་ འཚིགས་ནུག་ཟེར་ དོགས་སེལ་འབདཝ་ཨིན་པས།
ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ བཟའ་ཆས་འཚིགས་མི་ཚུ་གི་གྲས་ལས་ དངུལ་ཀྲམ་ས་ཡ་༨ དེ་ཅིག་གི་ སློབ་གྲྭའི་རྒྱགས་སྐལ་དང་ ལས་འཛིན་གྱི་ཅ་ཆས་ དངུལ་ཀྲམ་ས་ཡ་༡༥ དེ་ཅིག་གི་རྩིས་ འཚིགས་སོ་ནུག་ཟེར་ཨིན་པས།
སློབ་གྲྭའི་རྒྱགས་སྐལ་ ཀེ་ཇི་༥༠ འབད་མི་ ཆུམ་མེ་ཊིག་ཊཱན་༤༧ དང་ བཤུར་ཆུམ་མེ་ཊིག་ཊཱན་༤༢ དཱལ་མེ་ཊིག་ཊཱན་༣༧ ཅ་ན་མེ་ཊིག་ཊཱན་༣ ཅི་ནི་མེ་ཊིག་ཊཱན་༣ ཚྭ་མེ་ཊིག་ཊཱན་༢ དེ་ལས་ ཨོ་ཕྱེ་སྒམ་༢༦༩ དང་ མར་ཁུ་སྒམ་༧༣༠ དར་ཚིལ་སྒམ་༡ ཇ་སྒམ་༧༩ འཚིགས་ཡོདཔ་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ བཀྲིས་སྒང་སྨད་དང་ པདྨ་དགའ་ཚལ་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་༣ གྱི་ ནང་སྡོད་སློབ་གྲྭ་ཚུ་གི་ ལྟོ་རྒྱགས་ཚུ་ འཚིགས་ཡོདཔ་མ་ཚད་ རྫོང་ཁག་༣ གྱི་ ནང་སྡོད་སློབ་གྲྭའི་ དབུ་འཛིན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ད་ལྟོ་ རྒྱགས་སྐལ་གྱི་ དཀའ་ངལ་མེད་ཟེར་ སླབ་ཡོད་རུང་ ལས་འཛིན་གྱིས་ འཕྲལ་མགྱོགས་ར་ གྲ་སྒྲིག་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ ཕུན་ཚོགས་གླིང་ལས་ རྒྱགས་སྐལ་ཚུ་ དེ་འཕྲོ་ལས་ བཀྲམ་སྤེལ་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ ད་རིས་ ཅ་ཆས་ཚུ་ ལྷོད་དོ་ཡོདཔ་ལས་ དེ་ཚུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཛོད་ཁང་དང་ རིན་བསྡུར་ཁང་གི་ ཁང་མིག་་ནང་ བཞག་ནི་ཟེར་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ བཀྲིས་སྒང་སྟོད་དང་ བཀྲིས་གཡང་རྩེ་ མོང་སྒར་ ལྷུན་རྩེ་རྫོང་ཁག་ཚུ་གི་དོན་ལུ་ བཀྲིས་སྒང་འཁང་མ་དང་ མོང་སྒར་གྱི་ མཛོད་ཁང་ཚུ་ལུ་ བཀྲམ་སྤེལ་འབད་ཡོདཔ་ལས་ སློབ་གྲྭ་ཚུ་ལུ་ རྒྱགས་སྐལ་བགོ་བཀྲམ་ནང་ ཐོ་ཕོག་མི་བཅུག་ཟེར་ཨིན་པས།
ཡིག་ཚང་ལྟེ་བ་ལས་ བཟོ་རིག་འགོ་དཔོན་ཚུ་འོང་སྟེ་ མེ་རྐྱེན་བྱུང་མི་དེ་ལུ་ བརྟག་ཞིབ་འབད་ཡོདཔ་བཞིན་དུ་ ད་ལྟོ་ ཚོད་རྩིས་བཏོན་ནིའི་ ལཱ་ཚུ་འབད་དོ་ཟེར་ པདྨ་དབང་ཕྱུག་གིས་ བཤད་པའི་ཁར་ ཚོད་རྩིས་ཀྱི་ སྙན་ཞུ་ལྷོདཔ་ཅིག་ མཛོད་ཁང་ལོག་བཟོ་སྐྲུན་འབད་ནིའི་ལཱ་ཚུ་ འགོ་བཙུགས་ནི་ཨིནམ་མ་ཚད་ ཉེན་སྲུང་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ ཡིག་ཚང་ལྟེ་བ་གིས་ འཛིན་སྐྱོང་གི་ ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་འོང་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤོང་ཚད་མེ་ཊིག་ཊཱན་༡,༧༦༢ འབད་མི་ མཛོད་ཁང་དེ་ སྤྱི་ལོ་༡༩༩༤ ལུ་ བཟོ་སྐྲུན་འབད་ཡོདཔ་ད་ མཛོད་ཁང་དང་ ཅ་ཆས་༢ ཆ་ར་ལུ་ ཉེན་བཅོལ་འབད་ཡོད་རུང་ ཁ་གསལ་ཚུ་ ཡིག་ཚང་ལྟེ་བ་དང་གཅིག་ཁར་ཨིནམ་ལས་ གནས་གོང་ག་དེམ་ཅིག་གི་ ཉེན་བཅོལ་འབད་ཡོདཔ་ཨིན་ན་ སླབ་མི་ཤེས་ཟེར་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མཛོད་ཁང་གི་ ནང་ན་ལས་འབར་མི་ མེ་རྐྱེན་དེ་ གློག་མེ་ཨེམ་སི་བི་ལས་ བྱུང་ཡོད་པའི་ དོགས་པ་ཡོདཔ་ལས་ གཞན་གྱིས་ སྤར་ཡོད་པའི་ དོགས་པ་མེད་རུང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འཕྲོ་མཐུད་དེ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
མ་འོངས་པར་ དེ་བཟུམ་མའི་ རྐྱེན་ངན་ཚུ་ སྔོན་འགོག་འབད་ཐབས་ལུ་ འཕྲལ་མགྱོགས་ར་ པར་ཆས་སི་སི་ཊི་བི་གཞི་བཙུགས་འབད་ནི་ཨིནམ་མ་ཚད་ མེའི་ཉེན་བརྡ་་དང་ ཆུ་གཏོར་འཕྲུལ་ཆས་ལ་སོགས་པ་ཚུ་ཡང་་ དགོཔ་ཁག་ཆེ་བས་ཟེར་ པདྨ་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *