དངུལ་ཀྲམ་ས་ཡ་༢.༦༤༧ ཚུལ་མིན་སྤྱོད་མི་༢ ཀྱིས་ ཁྲིམས་འཐུས་བཏབ་ཆོག་ནི།

༉ ཧཱ་རྫོང་ཁག་ཁྲིམས་འདུན་གྱིས་ བཀྲིས་མར་ཁུ་བཀྲམ་སྤེལ་ཁང་ནང་ ལཱ་འབད་མི་གཉིས་ལུ་ རྒྱུ་དངུལ་ཚུལ་མིན་སྤྱོད་མི་དང་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་ཡོད་པའི་ ཉེས་འཛུགས་ཀྱི་ཐད་ཐར་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༤ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ བཀྲིས་སྒང་ཕོངས་མེད་ལས་ སྐྱེས་ལོ་༣༦ ལང་མི་ རྩོད་ཟླ་སླ་ང་ཚེ་རིང་དེ་ ཧཱ་ལུ་ བཀྲིས་མར་ཁུ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུགས་མི་སྦེ་ ལཱ་འབད་བའི་སྐབས་ རྒྱུ་དངུལ་ཚུལ་མིན་སྤྱོད་པའི་ ཉེས་འཛུགས་བཀལ་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་༣ དང་ཟླཝ་༡ བཀལ་ནུག།
ད་རུང་ མར་ཁུ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་པ་སྦེ་ ལཱ་འབད་མི་ སྤ་རོ་ལས་ དཀོན་མཆོག་སྒྲོལ་མ་ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༡ དང་ཟླཝ་༣ བཀལ་ཡོདཔ་ཨིན་པས།
མ་གཞི་ འགོ་ཐོག་སྐབས་ ཧཱ་ཁྲིམས་སྲུང་འགག་སྡེ་གིས་ དོགས་པ་ཅན་ དཀོན་མཆོག་སྒྲོལ་མ་ལུ་ རྒྱུ་དངུལ་ཚུན་མིན་སྤྱོད་པའི་ ཉེས་འཛུགས་དང་ སླ་ང་ཚེ་རིང་ལུ་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་ཡོད་པའི་ ཉེས་འཛུགས་ཐོག་ ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོད་རུང་ ཁྲིམས་འདུན་གྱིས་ ཁྲིམས་སྲུང་འགག་སྡེ་ལུ་ ས་ཁྱོན་དབང་ཁྱབ་མེད་མི་ལུ་བརྟེན་ ཐོ་བཀོད་འབད་ནི་ལུ་ ངོས་ལེན་འབད་མ་བཏུབ་པས།
དེ་འབདཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་ཡོདཔ་ད་ མ་གཞི་ རྩོད་ཟླ་སླ་ང་ཚེ་རིང་ལུ་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ བཙོན་ཁྲིམས་ལོ་༥ ཕོག་དགོཔ་ཨིན་རུང་ བཀྲིས་ཚོང་འབྲེལ་ལས་འཛིན་གྱིས་ རང་གི་ འཛིན་སྐྱོང་པ་ཚུ་ལུ་ ཞིབ་དཔྱད་ག་ནི་ཡང་ མ་འབད་བར་ བློ་གཏད་དེ་ འབག་མ་ཐེག་པའི་ འགན་འཁྲི་བཀལ་ཡོད་མི་ལུ་བརྟེན་ ཉེས་ཁྲིམས་ལོ་༣ དང་ཟླཝ་༡ བཀལ་ཡོདཔ་སྦེ་ འཁྲུན་ཆོད་ནང་བཀོད་ནུག།
དེ་ལས་ འཛིན་སྐྱོང་ལམ་ལུགས་དང་ བདག་སྐྱོང་གི་ གཞི་རྩ་དང་འཁྲིལ་ རང་གི་འགན་ཁུར་མེན་པའི་ འགན་འཁྲི་ལེན་ཏེ་ འབད་མི་དེ་ འགལ་བ་ཨིནམ་ལས་ རྩོད་ཟླ་གཉིས་ཀྱི་བར་ན་ མོས་མཐུན་ཐོག་ འགན་འཁྲི་སྤྲོད་ལེན་འབད་ཡོད་མིའི་ཐད་ལུ་ ཁྲིམས་འདུན་ལས་ དངུལ་ཆད་ཐོན་མི་ ཡོངས་བསྡོམས་ལས་ དཔྱ་གསུམ་ལུ་ དབྱེ་ཐོག་ལས་ དངུལ་ཀྲམ་༡༧,༦༥,༢༣༧ འབད་མི་དཔྱ་གཉིས་ སླ་ང་ཚེ་རིང་གིས་ བཏབ་དགོཔ་བཞིན་དུ་ དངུལ་ཀྲམ་༨༨༢,༦༡༩ འབད་མི་ དཔྱ་༡ པོ་དེ་ དཀོན་མཆོག་སྒྲོན་མ་གིས་ བཏབ་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
དཀོན་མཆོག་སྒྲོལ་མ་གིས་ འཛིན་སྐྱོང་གི་འགན་འཁྲི་དེ་ བདག་སྐྱོང་གི་ ཁྲིམས་ལུགས་ལས་འགལ་ཏེ་ མི་གཞན་ལུ་ སྤྲོད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༣ བཀལ་ནུག།
རྩོད་ཟླ་༢ ཀྱི་བར་ན་ གན་ཡིག་བཟོ་མིའི་ནང་གསལ་ མ་དངུལ་ཚུལ་མིན་སྤྱོད་མི་ལུ་བརྟེན་ ས་སྣུམ་བཙོང་ཆད་ཐོན་མི་ དངུལ་ཀྲམ་༢,༦༤༧,༨༥༧ དེ་ སླ་ང་ཚེ་རིང་གིས་ སྤྲོད་དགོཔ་སྦེ་ བཀོད་ཡོད་རུང་ དཀོན་མཆོག་སྒྲོལ་མ་དེ་ འཛིན་སྐྱོང་པ་ཅིག་ཨིནམ་མ་ཚད་ ཚུལ་མིན་ཐོག་ གན་ཡིག་བཟོ་ཡོད་མི་ལུ་ ངོས་ལེན་འབད་ཡོད་མི་ལུ་བརྟེན་ མོ་གིས་ དངུལ་ཀྲམ་༨༨༢,༦༡༩ སོར་ཆུད་འབད་དགོཔ་ད་ རྩོད་ཟླ་གཉིས་ཆ་ར་གིས་ ཞག་གྲངས་༣༠ གི་ ནང་འཁོད་ལུ་ ཏི་རུ་བཙུགས་དགོཔ་ཨིན་པས།
མ་དངུལ་ཚུན་མིན་སྤྱོད་མིའི་ གནད་དོན་དེ་ ན་ཧིང་ སྤྱི་ཟླ་༣ པའི་ནང་ ཐོན་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *