དང་འདོད་ཅན་གྱི་ མི་ངོམ་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ བཀོད་ནི་ལས་འཛེམ་དགོཔ།

མ་གཞི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ དང་འདོད་ཅན་གྱི་ འཐུས་མི་ཚུ་གི་སྐོར་ལས་ དམིགས་བསལ་གྱི་གནས་ཚུལ་ཚུ་ འབྲི་མི་ཆོག་ཟེར་ གསལ་བསྒྲགས་འབད་རུང་ གསར་ཤོག་ལ་ལོ་ཅིག་ནང་ དང་འདོད་ཅན་གྱི་ འཐུས་མི་ཚུ་གི་སྐོར་ལས་ གནས་ཚུལ་བྲིས་ཡོདཔ་ཨིན་པས།

དེའི་སྐོར་ལས་ ལྷན་ཚོགས་ཀྱིས་ གསར་ཤོག་དེ་དང་གཅིག་ཁར་ བློ་སླབ་ཡོདཔ་མ་ཚད་ གནས་ཚུལ་བྲིས་མ་བཏུབ་པའི་སྐོར་ལས་ གོ་བ་ཁ་གསལ་སྦེ་ བཤད་དེ་བྱིན་ཡོདཔ་ད་ བརྡ་བརྒྱུདཔ་ལ་ལོ་ཅིག་གིས་ གསལ་བསྒྲགས་ཀྱི་སྐོར་ལས་ ཤེས་རྟོགས་མེདཔ་ཨིན་པས།

དེའི་ནང་དོན་ཉིད་ལས་ ད་རེས་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་སྟེ་ རྒེད་འོག་གི་གནས་ཚད་ལས་ གདམ་ངོ་བཏོན་པའི་བསྒང་ཨིནམ་ལས་ དང་འདོད་ཅན་གྱི་མི་ངོམ་སྐོར་ལས་ གནས་ཚུལ་འབྲི་ནི་དེ་ ངེས་ཏིག་འཛེམ་དགོཔ་ཨིནམ་ད་ དེ་ཡང་ གནས་ཚུལ་དེ་ལུ་བརྟེན་ དང་འདོད་ཅན་གྱི་མི་ངོམ་ལ་ལོ་ མི་མང་ལུ་ དར་ཁྱབ་བཏང་དོ་བཟུམ་སྦེ་ འགྱོ་ནིའི་ཉེན་ཁ་ཡོདཔ་ཨིན་པས།

ཨིན་རུང་ གདམ་ངོའི་འཛོམས་འདུ་ནང་ལས་ བཙག་འཐུ་གྲུབ་མི་ གདང་ངོ་ཚུ་གི་ཐོག་ལས་ གནས་ཚུལ་འབྲི་ནི་ཡོད་རུང་ ཁོང་གི་པར་ཚུ་ བཙུགས་ནི་མེདཔ་ལས་ དེ་བཟུམ་གྱི་ལམ་ལུགས་དེ་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ གདམ་ངོའི་འཛོམས་འདུ་ མཇུག་མ་བསྡུཝ་ཚུན་ གནས་དགོཔ་ཨིན་པས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བཙག་འཐུའི་དུས་ཚོད་དང་ བྱ་རིམ་ཚུ་ གསལ་བསྒྲགས་འབད་བའི་ཤུལ་ལས་ དང་འདོད་ཅན་གྱི་འཐུས་མི་ཚུ་གི་སྐོར་ལས་ གནས་ཚུལ་བཀོད་པ་ཅིན་ གནས་ཚུལ་དེ་ འཐུས་མི་ག་ར་ལུ་ ཁྱབ་མ་ཚུགས་པའི་ དཀའ་ངལ་འཐོན་ནི་ཨིནམ་ལས་ དེ་གིས་ འདྲ་མཉམ་མི་འགྱོ་ཟེར་ཨིན་པས།

བཙག་འཐུའི་དོན་ལུ་ འཐུས་མི་ཚུ་གི་སྐོར་ལས་ གནས་ཚུལ་དང་འབྲེལ་བའི་ བརྡ་དོན་དུམ་གྲ་ཅིག་ཐོན་རུང་ ཁོ་གི་སྐོར་ལས་མི་མང་ལུ་ དར་ཁྱབ་གཏང་ཚུགས་པའི་ འོས་འབབ་ཡོདཔ་ལས་ གནས་ཚུལ་བཀོད་མི་དེ་གིས་ ཐད་ཀར་དུ་ དང་འདོད་ཅན་གྱི་འཐུས་མི་ལ་ལོ་ཅིག་ གསལ་བསྒྲགས་འབད་དོ་བཟུམ་ འགྱོ་ནི་ཨིནམ་ད་ དེ་གིས་ མི་སྡེ་ནང་ བྱ་སྟབས་མ་བདེཝ་སྦོམ་ འཐོན་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།

མི་ངོམ་དེའི་སྐོར་ལས་ པར་དང་གཅིག་ཁར་ གནས་ཚུལ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལས་ བཀོད་ཆོག་ནི་ཨིནམད་ དེ་བསྒང་ལས་ གདམ་ངོ་ཚུ་ བཏོན་ཚར་ནི་ཨིནམ་མ་ཚད་ ཁོང་རའི་སྐོར་ལས་ གསལ་བསྒྲགས་འབད་ཆོག་པའི་གནང་བ་དང་ སྐུལ་བསྒྲགས་འབད་ཆོག་པའི་ མ་དངུལ་ཡང་ འཐོབ་ནི་ཨིན་པས།

འདས་པའི་བཙག་འཐུ་ནང་ སྐུལ་བསྒྲགས་ཀྱི་དོན་ལུ་ རྒྱལ་ཁམས་ལས་ མ་དངུལ་གྱི་རྒྱབ་སྐྱོར་ མི་རེ་ལུ་ དངུལ་ཀྲམ་༡༣༠,༠༠༠ ཐོབ་མི་དེ་ དུས་ཅི་༡༥༠,༠༠༠ ལུ་ ཡར་སེང་འབད་ཡོདཔ་ད་ མ་དངུལ་དེ་ཐོབ་པའི་ཤུལ་ལས་ གདམ་ངོ་ཚུ་གིས་ ཁོང་རའི་སྐོར་ལས་ གསལ་བསྒྲགས་འབད་ཆོག་པའི་ གནང་བ་ཐོབ་དོ་བཟུམ་ཅིག་ཨིན་པས།

ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ དང་འདོད་ཅན་གྱི་ མི་ངོམ་གྱི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ བཀོད་ནི་ལས་ཡང་ འཛེམ་དགོ་ཟེར་ཨིནམ་ད་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལ་ལོ་ཅིག་གིས་ མི་ངོམ་དེ་ རྫུས་མ་བཟོ་ཐོག་ལས་ རང་གིས་དགའ་མི་ དང་འདོད་ཅན་གྱི་ མི་ངོམ་དེའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་མི་ཡང་ཡོདཔ་ལས་ དེ་བཟུམ་གྱི་ བྱ་སྤྱོད་འབད་ནི་ལས་ འཛེམ་དགོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *