༉ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་བཟུམ་སྦེ་ ཀྲོང་གསར་གླང་མཐིལ་རྒེད་འོག་ དང་དུང་གཡུས་ཚན་ནང་ཡང་ གཡུས་སྒོའི་དོན་ལུ་ དུར་ཁྲོད་ཅིག་ཡོད་མི་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ ཉམས་བཅོས་འབད་ཡོདཔ་ཨིན་རུང་ མི་སེར་ཚུ་ སེམས་དང་མ་ལྡན་པར་ ཡོདཔ་ཨིན་པས།
དེ་ཡང་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱིས་ ལཱ་དེ་ ཁག་འབགཔ་ཅིག་ལུ་སྤྲོད་དེ་ འབད་བཅུག་ཡོདཔ་ཨིན་རུང་ གཞི་རྟེན་མཁོ་ཆས་དང་ མཐུན་རྐྱེན་ཚུ་ དགོས་མཁོ་དང་འཁྲིལ་ཏེ་ མ་བཙུགས་པར་ བཞག་ནུག་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
དུར་ཁྲོད་དེ་ཡང་ དང་དུང་གཡུས་ཚན་གྱི་ ཉེ་འདབས་དང་ ལྷ་ཁང་གཅིག་གི་ལྟག་ལུ་ཡོདཔ་ད་ གཡུས་སྒོ་ནང་ ཤི་རྐྱེན་རེ་ འབྱུང་བའི་སྐབས་ལུ་ ཕུངམ་མེ་སྦྱང་འབད་བའི་ས་ཁོངས་ མེད་ཐབས་མེདཔ་ཅིག་ཨིན་པས།
དུར་ཁྲོད་དེ་ནང་ མེ་སྦྱང་འབད་སའི་ ས་ཁོངས་དང་ ཁང་མིག་གཉིས་དེ་ཅིག བཟོ་བཀོད་འབད་ཡོདཔ་ཨིན་རུང་ དེ་ཚུ་ནང་ མཐུན་རྐྱེན་ཚུ་ གཞི་བཙུགས་མ་འབད་བས།
སྐྱེས་ལོ་༥༣ ལང་མི་ འཆི་མེད་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དུར་ཁྲོད་དེ་ བཟོ་ནིའི་དོན་ལུ་ ཁག་འབགཔ་༣ དེ་ཅིག་ སོར་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལེགས་ཤོམ་ཅིག་སྦེ་ བཟོ་མ་ཚུགས་ཟེར་ཨིན་པས།
ཁང་མིག་ཚུ་ནང་ གློ་མེའི་མཐུན་རྐྱེན་ཚུ་ གཞི་བཙུགས་མ་འབདཝ་ལས་ དུར་ཁྲོད་ཁར་ ཕུངམ་ཚུ་ལྷོད་པའི་སྐབས་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ ཐོནམ་མས་ཟེར་ཨིན་པས།
ཨིན་རུང་ ཁོང་ར་ གཡུས་མི་ཚུ་གིས་ ལྷ་ཁང་གི་ཉེ་འདབས་ལས་སྦེ་ གནས་སྐབས་ཀྱི་ གློག་ཐག་འཐེན་ཐོག་ལས་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཐ་ན་ དུར་ཁྲོད་ཀྱི་ ཐབ་ཚང་དང་ གསང་སྤྱོད་ཚུ་ནང་ ཆུ་མེད་པའི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
ད་རེས་ ས་ཁོངས་དེ་ནང་ འགྱོ་ལྟ་བའི་སྐབས་ ཁྱིམ་ཚུ་ཡང་ ཧ་ལམ་ ཧོན་སྡོང་ཚུ་གིས་ སྤུར་ཡོདཔ་ད་ མ་གཞི་ ཆུའི་ཀ་ལི་ཅིག་ བཟོ་ཡོདཔ་ཨིན་རུང་ དེ་ནང་ ཆུ་དུང་བཙུགས་བཙུགསཔ་མིན་འདུག།
དེ་བསྒང་ ཚོགས་པ་སྦེ་སྡོད་མི་ སྐྱེས་ལོ་༥༥ ལང་མི་ ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ ད་ལྟོ་ཚུན་ ཁག་འབགཔ་གིས་ དུར་ཁྲོད་དེ་ མི་སྡེ་ལུ་ རྩིས་སྤྲོད་སྤྲོདཔ་མེད་ཟེར་ཨིནམ་ད་ མ་གཞི་ ཧེ་མ་ཚར་ཅིག་ རྩིས་སྤྲོད་ནི་འབདཝ་ད་ མེ་སྦྱང་འབད་སའི་ ས་ཁོངས་ནང་ རྩི་ས་བླུག་སྟེ་ སྙོམས་ཏོང་ཏོ་སྦེ་ མ་བཟོ་མི་དང་ འཐུང་ཆུ་མ་བཙུགས་མི་ལུ་བརྟེན་ ལུས་ཏེ་ཡོད་ཟེར་ཨིན་པས།
ཁག་འབགཔ་དེ་ལུ་ དེ་བསྒང ལཱ་ལྷག་ལུས་ཚུ་ འཕྲལ་མགྱོགས་ར་ མཇུག་བསྡུ་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ དུར་ཁྲོད་དེ་ གནས་སྟངས་དེ་སྦེ་ར་ ལུས་ཡོདཔ་མ་གཏོགས་ མི་སེར་ལུ་ རྩིས་སྤྲོད་འབད་འབདཝ་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཟོ་བཀོད་དེ་ཚུ་བཟོ་མི་ ས་ཁོངས་དེ་ཡང་ ཧེ་མ་འབད་བ་ཅིན་ ཨ་རིང་ཨིནམ་ད་ ཇོ་བདག་ལུ་ ད་རེས་ཀྱི་བར་ན་ཡང་ མི་སྡེ་གིས་ ས་རིན་ཚུ་ཡང་ མ་སྤྲོད་པར་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ ཉི་མ་དབང་འདུས།