དགྲ་མེད་རྩེ་སློབ་གྲྭ་ལྟེ་བ།

དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་༡༦ མ་ལང་པར་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་ སློབ་གྲྭ་ལྟེ་བའི་ནང་ གཞུང་གི་སྲིད་བྱུས་དང་ སློབ་གྲྭའི་ སྒྲིག་གཞི་དང་ལམ་ལུགས་ལྟར་དུ་ སློབ་དཔོན་ལངམ་སྦེ་མེདཔ་ལས་ སློབ་ཕྲུག་ཚུ་གི་ཕམ་དང་ སློབ་ཕྲུག་ཨ་ལོ་ཚུ་ ཚ་གྱང་ལང་དགོ་པའི་ གཞི་ལུ་གྱུར་ཏེ་འདུག།

སློབ་གྲྭ་ལྟེ་བའི་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༠ པ་ཚུན་ སློབ་ཕྲུག་བསྡོམས་༧༡༢ ཡོདཔ་ད་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་སྟོན་འབད་མི་ སློབ་དཔོན་༢༥ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༠ པ་ཚུན་ སློབ་སྟོན་འབད་མི་ སློབ་དཔོན་༢༦ གྱིས་ ཉིན་བསྟར་བཞིན་དུ་ ཆོས་ཚན་༡༨ ལས་བརྒལ་ སྟོན་ནི་མེད་རུང་ དུས་ཅི་ སློབ་དཔོན་༢༥ ལུ་ ཆོས་ཚན་༢༢ ལུ་ ཡར་སེང་སོང་སྟེ་འདུག།
སློབ་རིམ་༡༠ པའི་ནང་ལྷབ་མི་ སློབ་ཕྲུག་བུམོ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ སློབ་རིམ་༡༠ པ་དང་ སློབ་རིམ་༩ པའི་ སློབ་ཕྲུག་ཚུ་གི་དོན་ལུ་ རྩིས་སྟོན་མི་ སློབ་དཔོན་༢ ལས་བརྒལ་མེདཔ་ལས་ སློབ་དཔོན་གཞན་གྱིས་ དཔེ་ཆ་སྟོན་པའི་སྐབས་ ཧ་གོ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
དེ་ཡང་ སློབ་གྲྭ་དེ་ནང་ རྩིས་སྟོན་མི་སློབ་དཔོན་གྱིས་ ཚན་རིག་གི་ སློབ་སྟོན་ཡང་ འབད་དོ་ཡོདཔ་ཨིན་པས།
སློབ་ཕྲུག་དེ་གིས་ སླབ་མིའི་ནང་ སློབ་དཔོན་ཅིག་གིས་ རྩིས་སྟོན་པའི་ཤུལ་ལས་ ཚན་རིག་སློབ་སྟོན་ཡང་ དུས་མཉམ་དུ་ སྟོན་པའི་སྐབས་ དབངཔོ་ངལ་ཏེ་ དཔེ་ཆ་ལྷབ་མ་ཚུགས་པའི་ དཀའ་ངལ་བྱུངམ་ལས་ དུས་ཅི་ སློབ་རིམ་༡༠ པའི་ རྒྱལ་ཡོངས་ཆོས་རྒྱུགས་ནང་ལས་ ག་དེ་སྦེ་ མཐར་འཁྱོལ་ཚུགས་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་རིམ་༩ པའི་ སློབ་ཕྲུག་བུཚ་ཅིག་གིས་ སླབ་མིའི་ནང་ སློབ་རིམ་༩ པ་ ཁ་པའི་སྡེ་ཚན་ནང་ སློབ་ཕྲུག་༣༠ ལྷགཔ་ཅིག་ལུ་ རྫས་ཁམས་རིག་པའི་ དཔེ་དེབ་༧ ལས་བརྒལ་མེདཔ་ལས་ སློབ་དཔོན་གྱིས་ སློབ་སྟོན་འབད་བའི་སྐབས་ ཧ་གོ་མ་ཚུགས་པའི་ཁར་ དཔེ་དེབ་ལས་ འདྲ་བཤུས་རྐྱབ་ནི་དང་ ཁྱིམ་ལཱ་རྐྱབ་དགོ་པའི་སྐབས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
སློབ་ཕྲུག་ཚུ་ དཔེ་དེབ་ཚངམ་སྦེ་ ཐོབ་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ གྲུབ་འབྲས་ག་དེ་སྦེ་ འཐོན་ཚུགས་གའི་ དོགས་པ་ཆགས་ཡོད་པའི་ཁར་ འདྲ་བཤུས་རྐྱབ་པའི་སྐབས་ དཔེ་ཆ་གཞན་ལྷབ་ནི་ལུ་ ཐོ་ཕོགཔ་མས་ཟེར་བའི་ བསམ་འཆར་བཤདཔ་ཨིན་པས།
སློབ་ཕྲུག་ཅིག་གི་ཨའི་ འཆི་མེད་ལྷ་སྒྲོན་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཨ་ལོ་ཚུ་གི་རྒྱུད་ལུ་ སྤུས་ཚད་དང་ལྡན་པའི་ ཤེས་རིག་ཡོན་ཏན་སྤྲོད་དགོཔ་ཨིན་རུང་ སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་ལངམ་སྦེ་ མེད་པའི་དཀའ་ངལ་ལུ་བརྟེན་ ག་དེ་སྦེ་ དཔེ་ཆ་སྟོན་ཚུགས་གའི་ ཚ་གྱང་ལངམ་མས་ཟེར་ ཨིན་པས།
དེ་བཟུམ་སྦེ་ དགྲ་མེད་རྩེ་རྒཔོ་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ སློབ་གྲྭའི་བདག་སྐྱོང་དང་ སློབ་ཕྲུག་ཚུ་གི་ ཕམ་ཚུ་ལུ་ཡང་ སློབ་དཔོན་ལངམ་སྦེ་མེད་པའི་དཀའ་ངལ་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ ཤེས་རིག་གི་སྤུས་ཚད་དང་ གཞི་འགྱམ་ཚུ་ ག་དེ་སྦེ་འོང་གའི་ ཚ་གྱང་ལང་མི་དེ་ ངེས་བདེན་ཨིན་མས་ཟེར་ཨིན་པས།
རྫོང་ཁག་ཡར་རྒྱས་ཚོགས་འདུ་འཚོགས་པའི་སྐབས་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་ལངམ་སྦེ་ བཙུགས་ཐབས་ལུ་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ ཤེས་རིག་ལྷན་ཁག་དང་ འབྲེལ་བ་འཐབ་ཞིནམ་ལས་ འཕྲལ་མགྱོགས་ར་ དཀའ་ངལ་སེལ་ཐབས་ཀྱི་ གནས་སྐབས་ཚུ་ སྟོན་གནང་དགོཔ་སྦེ་ ཞུཝ་མ་ཚད་ རྫོང་ཁག་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ཡང་ ཞུ་ཡི་ཟེར་ཨིན་པས།
ཨིང་ལིཤ་གི་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ དུས་ཡུན་སྐར་མ་༥༠ འབད་མི་ ཆོས་ཚན་༢༧ དེ་ཅིག་ བདུན་ཕྲག་༡ ནང་ སློབ་སྟོན་འབད་བའི་ཁར་ འགན་ཁུར་གཞན་ཡང་ སློབ་ཁང་གི་སློབ་དཔོན་དང་ རྩེད་རིགས་ དེ་ལས་ སློབ་གྲྭ་འཛིན་སྐྱོང་སྡེ་ཚན་གྱི་འཐུས་མི་སྦེ་ ཕྱག་ཞུ་དོ་ཟེར་ཨིན་པས།
སློབ་གྲྭ་ལྟེ་བའི་དབུ་འཛིན་ པ་སངས་དབང་འདུས་ཀྱིས་ སླབ་མིའི་ནང་ ཆ་གླིང་འབྲིང་རིམ་སློབ་གྲྭ་དང་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་ལས་ མཐར་འཁྱོལ་ཏེ་འོང་མི་ སློབ་རིམ་༩ པའི་ སློབ་ཕྲུག་ཚུ་ དུས་ཅི་ གསརཔ་བཙུགས་པའི་སྐབས་ ཤེས་རིག་གི་སྲིད་བྱུས་དང་ སྒྲིག་གཞི་དང་འཁྲིལ་བ་ཅིན་ སློབ་དཔོན་རེ་གིས་ དཔེ་ཆ་སྟོན་ནིའི་ཆོས་ཚན་ལས་ ལྷག་སོ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་ཕྲུག་དང་བསྟུན་པའི་ སློབ་དཔོན་དགོཔ་ངེས་བདེན་ཡོདཔ་ལས་ རྫོང་ཁག་ཤེས་རིག་སྡེ་ཚན་ལུ་ སློབ་དཔོན་ཐེབས་དགོ་པའི་ སྙན་ཞུ་ཕུལ་ཡི་ཟེར་ཨིནམ་མ་ཚད་ སློབ་གྲྭ་ལྟེ་བའི་ནང་ དབུ་འཛིན་འོགམ་ཡང་ མེད་ཟེར་སླབ་ཨིན་པས།
གདོང་ལེན་སྦོམ་ཤོས་ར་ སློབ་གྲྭའི་ཧོངས་ལས་ སློབ་ཕྲུག་རེ་གི་ གྲུབ་འབྲས་ཞིབ་དཔྱད་འབད་བའི་སྐབས་ ལེགས་ཤོམ་བཏོན་མ་ཚུགས་པ་ཅིན་ སློབ་གྲྭའི་མིང་ལུ་ གནོད་ཉེན་ཡོད་ནི་དེ་གིས་ ཚ་གྱང་ལངམ་མས་ཟེར་ དབུ་འཛིན་པ་སངས་དབང་འདུས་ཀྱིས་ སླབ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ལྷམོ་རྡོ་རྗེ་གིས་ སླབ་མིའི་ནང་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་མ་ལང་པའི་དཀའ་ངལ་དང་ དབུ་འཛིན་འོགམ་མེད་པའི་སྐོར་ལས་ ལྷན་ཁག་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཤེས་རིག་འགོ་དཔོན་དང་འཁྲིལ་བ་ཅིན་ རྫོང་ཁག་ནང་ སློབ་དཔོན་མ་ལང་པའི་དཀའ་ངལ་དེ་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ རྐྱངམ་གཅིག་མེན་ཟེར་ཨིནམ་ད་ ཨིན་རུང་ རྫོང་ཁག་ནང་ སློབ་དཔོན་ཚུ་ལྷོདཔ་ཅིག་ གཏང་ཚུགས་ཟེར་ཨིན་པས།
དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ སློབ་ཕྲུག་༧༠༠ ལྷགཔ་ཅིག་གི་དོན་ལུ་ སློབ་དཔོན་༢༦ ཡོདཔ་ད་ ཡ་ལྡི་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་༤༥ དེ་ལས་མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་དཔོན་༤༢ མ་གཏོགས་མེདཔ་ཨིན་པས།
ཨིན་རུང་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མ་དང་ སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བ་ཚུ་ནང་ ཆོས་ཚན་ལས་ལྷག་པའི་སློབ་དཔོན་ ཡོདཔ་ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *