ཉམས་གསོ་ཞུ་མི་ དགྲ་མེད་རྩེ་ལྷ་ཁང་།

དགྲ་མེད་རྩེ་ལྷ་ཁང་གི་ ཉམས་གསོའི་ལཱ་ འཕྲལ་མགྱོགས་ར་ མཇུག་བསྡུ་ནི།

ཉམས་གསོ་ཞུ་བའི་བསྒང་ཡོད་མི་ ཡོངས་གྲགས་ཅན་གྱི་ མོང་སྒར་དགྲ་མེད་རྩེ་ལྷ་ཁང་དེ་ རང་ཟླ་༩ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༤ ལས་འགོ་བཙུགས་ཏེ་ ལྷ་ལུང་གསུང་སྤྲུལ་རིན་པོ་ཆེ་ འཇིགས་བྲལ་ཀུན་བཟང་པདྨ་རྡོ་རྗེ་མཆོག་གིས་ འགོ་འདྲེན་ཐོག་ལས་ ཉམས་གསོ་ཞུ་མི་ལྷ་ཁང་དེ་ ཟླཝ་༢ ཀྱི་རྒྱབ་ལས་ ཡོངས་རྫོགས་བསྒྲུབ་ནི་ཨིནམ་ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ལྷ་ཁང་གི་ཕྱི་དང་ ནང་ནའི་ལཱ་ཚུ་ མཇུག་བསྡུ་ཡོདཔ་ལས་ ལྡེབས་རིས་རྐྱངམ་གཅིག་ ལུས་ཏེ་འདུག།

གསུང་སྤྲུལ་རིན་པོ་ཆེ་མཆོག་གིས་ གསུངས་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷ་ཁང་ཉམས་གསོ་ཞུ་དགོ་པའི་ དམིགས་བསལ་བཀའ་རྒྱ་གནངམ་མ་ཚད་ མ་དངུལ་དངུལ་ཀྲམ་ས་ཡ་༦༧ གནང་ཡི་ཟེར་ཨིན་པས།

རིན་པོ་ཆེ་གིས་ གསུངས་མིའི་ནང་ ཉམས་གསོ་ཞུཝ་ད་ དུས་ཚོད་ཡུན་རིངམོ་འགོར་མི་དེ་ཡང་ དགྲ་མེད་རྩེ་དང་ ན་རང་ དེ་ལས་ བཱ་ལམ་རྒེད་འོག་གི་ ས་ཁོངས་ཚུ་ནང་ ལག་ལེན་འཐབ་བཏུབ་མི་ ཤིང་མེདཔ་ལས་ ས་གླིང་རྒེད་འོག་དང་ རྫོང་ཁག་གཞན་ཚུ་ལས་ མཁོ་སྒྲུབ་འབད་དགོ་ནི་དེ་གིས་ཨིན་ཟེར་ ཨིན་པས།

ཤིང་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ལོ་༡ འགོར་སོ་ཡི་ཟེར་ཨིནམ་ད་ ཉམས་གསོའི་ལཱ་ངོ་མ་དེ་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་ཡོདཔ་ཨིན་པས།

ལྷ་ཁང་ཉམས་གསོའི་ ལཱ་ངོ་མ་དེ་ རྫོང་ཁག་ལས་ བཟོ་རིག་འགོ་དཔོན་དང་ དགྲ་མེད་རྩེ་ལས་ བཟོ་བོ་ཡེ་ཤེས་རྣམ་རྒྱལ་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལྷ་ཁང་དེ་ རྩ་བ་ལས་ བཤིག་མ་བཏང་པར་ ཉམས་གསོ་ཞུ་ཡོདཔ་ད་ དེ་ཡང་ ལྷ་ཁང་གི་ དབུ་རྩེའི་ཤིང་ཆས་ཚུ་ག་ར་ གསརཔ་སོར་ཡོདཔ་མ་ཚད་ ཀ་ཆེན་ཚུ་ཡང་ སོར་ཡོདཔ་ཨིན་པས།

རིན་པོ་ཆེ་གིས་ གསུངས་མིའི་ནང་ ཉམས་གསོ་ཞུ་དགོ་མི་དེ་ཡང་ སྤྱི་ལོ་༢༠༠༩ གི་ས་ཡོམ་ལུ་བརྟེན་ གག་འགྲམ་ཕོག་པའི་ཁར་ ཤིང་ཆས་ཚུ་ རྙིངམ་ཐལ་སོ་ནི་དེ་གིས་ཨིན་ཟེར་ ཨིན་པས།

བཟོ་རིག་འགོ་དཔོན་ འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ རང་ལུགས་ཀྱི་བཟོ་བོ་ཚུ་དང་ མཉམ་འབྲེལ་ཐོག་ལས་ ལྷ་ཁང་གི་གཞི་འགྱམ་དང་ ཕྱོགས་ཚུ་ལས་ རྩི་ས་དང་ ལྕགས་ཚུ་བཙུགས་ཏེ་ བཟོ་ཡི་ཟེར་ཨིན་པས།

བཟོ་བོ་ཡེ་ཤེས་རྣམ་རྒྱལ་གྱིས་ འགོ་འདྲེན་ཐོག་ལས་ དགྲ་མེད་རྩེ་དང་ བཱ་ལམ་ དེ་ལས་ ན་རང་རྒེད་འོག་༣ ལས་ ཤིང་བཟོ་བོ་དང་ རྡོ་བཟོ་བོ་༥༠ ལྷགཔ་ཅིག་གིས་ ཉམས་གསོ་ཞུ་ཡོདཔ་བཞིན་དུ་ ད་རེས་ ལྷ་ཁང་གི་ ཕྱི་ནང་ལུ་ ཚོན་བཏང་པའི་བསྒང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ལོ་༢༠༡༥ ལུ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་བཤད་གྲྭ་དེ་ ནང་པའི་མཐོ་རིམ་བཤད་གྲྭ་ལུ་ ཡར་སེང་འབད་ནི་གི་དོན་ལུ་ གྲྭ་ཤག་ སློབ་ཁང་ དཔེ་མཛོད་ཁང་ ཉལ་ཁང་ སྤྱི་དོན་ཁང་ དེ་ལས་ གསང་སྤྱོད་ཚུ་ གསརཔ་རྐྱབ་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༡༠༠ ལྷགཔ་ཅིག་གནང་ནུག།

ལོ་ཕྱེད་དང་༣ གྱི་ ཉམས་གསོ་ལས་འགུལ་དེ་ ཁག་འབགཔ་ཅིག་ལུ་ སྤྲོད་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ལཱ་ཕྱམ་ཕྱིམ་ཚུ་ འབད་དོ་ཡོདཔ་ཨིན་པས།

དགྲ་མེད་རྩེ་ལྷ་ཁང་དེ་ སྤྱི་ལོ་༡༥༠༠ ལུ་ གཏོར་སྟོན་པདྨ་གླིང་པའི་གདུང་བརྒྱུད་ལས་འཁྲུངས་པའི་ ཨ་ནེ་མཆོད་རྟེན་བཟང་མོ་གིས་ གདན་ས་བཅགས་གནང་ཡོདཔ་ཨིན་པས།

སྤྱི་ལོ་༡༩༩༣ ལུ་ མི་དབང་འབྲུག་རྒྱལ་༤ པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ གསུང་སྤྲུལ་རིན་པོ་ཆེ་མཆོག་ དགྲ་མེད་རྩེ་ཨྱོན་ཆོས་གླིང་གི་ འཛིན་སྐྱོང་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

ལྷ་ཁང་དང་བཤད་གྲྭ་ བཞེངས་ཚར་བའི་ཤུལ་ལས་ དགེ་སློང་དང་ སྒོམ་ཆེན་༣༠༠ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *