༉ ལྷུན་རྩེ་ མཁོ་མ་རྒེད་འོག་ལས་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ཁར་ སྒང་ཏོ་ཅིག་གུ་ ཆགས་ཏེ་ཡོད་པའི་ དགོནམ་དཀརཔོ་ལྷ་ཁང་དེ་ དུས་རབས་༡༨ པའི་ནང་ མཁས་སྒྲུབ་གཉིས་ལྡན་གྱི་བླ་མ་ ཆོས་ཉིད་རང་གྲོལ་གྱིས་ གདན་ས་བཅགས་གནང་ཡོདཔ་ཨིན་པས།
ད་རེས་ དགོནམ་དཀརཔོ་ལྷ་ཁང་ བདག་འཛིན་འཐབ་མི་ བླམ་འགྱུར་མེད་མཐུ་སྟོབས་ཀྱིས་ སླབ་མིའི་ནང་ བླམ་ཆོས་ཉིད་རང་གྲོལ་གྱིས་ བོད་ལུ་ ཕྱག་དཔེ་གཟིགས་ཚར་བའི་ཤུལ་ལས་ ཁོ་རའི་ རྩ་བའི་བླ་མ་གིས་ ལུང་བསྟན་གནང་མི་དང་འཁྲིལ་ དགོནམ་དཀརཔོ་ལུ་ གདན་ས་བཅགས་ནུག་ཟེར་ ཨིན་པས།
དེ་བསྒང་ འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གིས་ བླམ་ཆོས་ཉིད་རང་གྲོལ་གྱི་ སྦྱིན་བདག་མཛད་གནངམ་མ་ཚད་ འབྲུག་རྒྱལ་དང་པ་མཆོག་གིས་ བླམ་ལུ་ མནྜལ་སྐུ་གསུང་ཐུགས་རྟེན་ཕུལ་མི་ སྐུ་རྟེན་ཚུ་ཡང་ མཇལ་ཚུགསཔ་ཨིན་པས།
བླམ་ཆོས་ཉིད་རང་གྲོལ་ཁོ་ར་ སྨིན་རྗེ་རྒེད་འོག་ ཉལ་ལམ་གདུང་ཆོས་རྗེ་ལས་ སྐུ་འཁྲུངས་པའི་ཤུལ་ལུ་ དགུང་ལོ་༡༨ དེ་ཅིག་བཞེསཔ་ད་ སྨན་སྦིས་རྒེད་འོག་ སྨན་ཇ་སྦིས་གཡུས་ཚན་ནང་ ཆོས་རྗེ་གདུང་བརྒྱུད་འཛིན་མི་ཅིག་གི་ བུམོ་དེ་ བཙུནམ་སྦེ་བཞེས་ཏེ་ བཞུགས་ནུག་ཟེར་ཨིན་པས།
མ་གཞི་ཁོ་ར་ བླམ་ཅིག་གི་སྐུ་སྐྱེས་ཨིན་རུང་ དེ་བསྒང་ གཡུས་མཐའ་འཁོབ་འབད་ནི་དེ་གིས་ ངོས་འཛིན་འབད་མི་བླམ་དང་ རིན་པོ་ཆེ་སོགས་མེདཔ་ལས་ འཇིག་རྟེན་རྐྱབ་སྟེ་ སྡོད་དགོཔ་བྱུང་ནུག་ཟེར་ ཨིན་པས།
ཚར་གཅིག་འབདཝ་ད་ ཁོ་ར་ རྦོབ་རིལ་འགྱོ་བའི་ཤུལ་ལས་ སྨན་བཅོས་རིམ་གྲོ་ག་དེམ་ཅིག་འབད་རུང་ དྲག་མ་ཚུགས་པའི་ཁར་ ཡུདཔ་ཅིག་ལས་ ཁ་སླབ་མ་ཤེས་པར་ རྩ་རྒས་ཐལ་སོ་ནུག་ཟེར་ཨིན་པས།
དེ་བསྒང་ གནས་ཚང་གི་ ཕམ་༢ ཀྱིས་ ཁ་འཕྱལ་བཏངམ་ལས་ ཁོ་ར་ ལོག་གཡུས་ཁར་འགྱོ་བའི་སྐབས་ ཀུར་སྟོད་རྒེད་འོག་གི་ ས་གནས་ཅིག་ནང་ལྷོདཔ་ད་ ཕྱག་ཞུ་བར་འོང་མི་ཅིག་ལུ་ བླམ་གིས་ ང་ཆོས་འབད་བར་ བོད་ལུ་འགྱོ་ནི་ཨིན་ཟེར་ གསུངས་པའི་ཤུལ་ལུ་ བོད་ལུ་བྱོན་སོ་ནུག་ཟེར་ ཨིན་པས།
དེ་ལས་ བོད་ལུ་བྱོན་ཞིནམ་ལས་ ལོ་༡༣ ལྷགཔ་ཅིག་གི་རིང་ བླམ་ཅིག་གི་འོག་ལས་ སྒྲུབ་པ་ཉམས་ལེན་ག་ར་མཐར་ཕྱིན་སྦྱངས་ཚརཝ་ལས་ ཁོ་རའི་ རྩ་བའི་བླམ་གིས་ ལོག་རྒྱལ་ཁབ་ནང་སོང་ཞིནམ་ལས་ ནང་པའི་ཆོས་ཀྱི་བསྟན་པ་ དར་ཁྱབ་གཏང་དགོ་པའི་ ལུང་བསྟན་གནང་མི་དང་འཁྲིལ་ ལོག་རྒྱལ་ཁབ་ནང་བྱོན་ཏེ་ ཀུར་སྟོད་སྤང་དཀར་འོག་ ལུག་ཕྱོགས་ཁར་ལྷོད་དེ་ སྦ་སྒོར་ཅིག་ནང་ སྡོད་པའི་སྐབས་ གདོང་ཕྱོགས་ལུ་ཡོད་པའི་ དགོནམ་དཀརཔོ་ལས་ ནུབ་མོ་ མེ་འབར་སར་ གཟིགས་ནུག་ཟེར་ཨིན་པས།
དེ་གི་ནངས་པར་ཡང་ མེ་འབར་སར་ ཚར་༣ གཟིགས་ཡོདཔ་ལས་ ཁོ་རའི་ རྩ་བའི་བླ་མ་གིས་ ལུང་བསྟན་གནང་མི་དེ་ ས་གནས་དེ་ཁར་ འོང་ནི་མས་ཟེར་ ཐུགས་བཞེད་གནང་སྟེ་ དགོནམ་དཀརཔོ་ལུ་ སོང་ཞིནམ་ལས་ གདན་ས་བཅགས་ཏེ་ བཞུགས་ཡོདཔ་ཨིན་པས།
ཆོས་ཉིད་རང་གྲོལ་ཁོ་ར་ གདན་ས་དེ་ནང་ བཞུགས་པའི་སྐབས་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་ཚུ་གིས་ བླམ་གི་ མཐུ་དང་ནུས་པ་ཡོན་ཏན་ཚུ་ བསམ་གྱིས་མི་ཁྱབ་པར་ཡོད་པའི་སྐོར་ལས་ ཧ་གོཝ་བཞིན་དུ་ དགོནམ་དཀརཔོ་ལུ་ ཆོས་ཞུ་བར་ མི་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་ནུག་ཟེར་ ཨིན་པས།
དེ་བསྒང་ འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གིས་ཡང་ བླམ་དང་གཅིག་ཁར་ མཇལ་ཕྲད་གནངམ་མ་ཚད་ སྦྱིན་བདག་མཛད་དེ་ ལྷ་ཁང་བཞེངས་གནང་པའི་ཁར་ ས་ཆ་དང་ ཕྱག་ཞུ་མི་ཚུ་ཡང་ གནང་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ ལྷ་ཁང་དེ་ནང་ ང་བཅུ་དྲུག་མའི་ཕྱག་ཐམ་ཡང་ མཇལ་ཚུགསཔ་ཨིན་པས།
ལྷ་ཁང་ནང་ ནང་རྟེན་གཙོ་བོ་ར་ འབྲུག་རྒྱལ་དང་པ་མཆོག་གིས་ཕུལ་མི་མནྜལ་ ཕིཊ་༡ འབད་མི་ དངུལ་གྱི་སྤྱན་རས་གཟིགས་ཞལ་བཅུ་གཅིག འབད་མི་དང་ སྟོན་པ་རྡོར་གདན་མ་ བཀའ་བརྒྱུད་ཀྱི་ རྡོ་རྗེ་ཕ་མའི་རྟེན་ དེ་ལས་ བླམ་པདྨ་རང་གྲོལ་གྱི་དབུ་ཞྭ་ཚུ་ མཇལ་ནི་ཡོདཔ་ཨིན་པས།
སྐུ་ཚེ་གོང་མ་ བདུད་འཇོམས་རིན་པོ་ཆེ་མཆོག་ རྒྱ་གར་ཀ་ལིམ་སྤོང་ལུ་བཞུགས་སར་ བླམ་པདྨ་རང་གྲོལ་གྱིས་ ཕྱག་དབང་བཅར་བའི་སྐབས་ གཏེར་སྟོན་གུ་རུ་ཆེ་དབང་གི་ སྤྲུལ་སྐུ་སྐུ་ཕྲེང་༡༦ པ་ཨིན་ཟེར་ གསུངས་ཡོད་པའི་ལོ་རྒྱུས་ཡོདཔ་མ་ཚད་ ཕྱག་རྟགས་གནང་པའི་ ཡི་གུ་ཚུ་ཡང་ མཇལ་ཚུགསཔ་ཨིན་པས།
ལོ་བསྟར་བཞིན་དུ་ དགོནམ་དཀརཔོ་གྲྭ་ཚང་ནང་ ཨ་ནེམོ་དང་ དགེ་སློང་ དེ་ལས་ སྒོམ་ཆེན་ཚུ་གིས་ རང་ཟླ་དང་པ་དང་༤ པ་༧ པ་ དེ་ལས་༡༠ པའི་ནང་ སྨྱུང་གནས་བཙུགས་དོ་ཡོདཔ་མ་ཚད་ ཡར་ངོ་མར་ངོའི་ ཚེས་བཅུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ད་རེས་ དགོནམ་དཀརཔོ་གྲྭ་ཚང་ནང་ བླམ་འགྱུར་མེད་མཐུ་སྟོབས་གིས་གཙོས་པའི་ དགེ་སློང་ཞལ་གྲངས་༣༠ དེ་ཅིག་ ཡོད་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།