ཐིམ་ཕུག་དགོངས་རྫོགས་མཆོད་རྟེན་ནང་ བཀའ་དགོངས་ཕུར་༣ སྒྲུབ་ཆེན་སྐབས་ ཕྱི་རུ་ཨ་རྟག་ར་ ཀུན་ཐུབ་སྐུ་འཆམ་གྱི་ མཇལ་ཁ་གནང་པའི་བསྒང་།

དགོངས་རྫོགས་མཆོད་རྟེན་གྱི་ བཀའ་དགོངས་ཕུར་༣ སྒྲུབ་ཆེན་ ནངས་པར་འགྲོལ་ནི།

༉ ཐིམ་ཕུག་ དགོངས་རྫོགས་མཆོད་རྟེན་ལུ་ བཀའ་དགོངས་ཕུར་གསུམ་གྱི་ སྒྲུབ་ཆེན་གནང་སར་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མིའི་ནང་ལས་ མང་ཤོས་ཀྱིས་ ཕྱི་རུའི་སྐུ་འཆམ་གནང་པའི་སྐབས་ འཛོམས་དོ་ཡོདཔ་ཨིན་པས།
སྒྲུབ་ཆེན་དེ་ སྤྱི་ལོ་༡༩༧༤ ལུ་ དགོངས་རྫོགས་མཆོད་རྟེན་ གསར་བཞེངས་བསྒྲུབས་ཏེ་ བཀྲིས་རབ་གནས་གནངམ་དང་འབྲེལ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་ འགོ་བཙུགས་གནང་པའི་ཤུལ་ལས་ ད་རེས་ རྒྱུན་མ་ཆད་པར་གནང་དོ་ཡོདཔ་ད་ དེ་ཡང་ མཆོད་རྟེན་གྱི་ནང་རྟེན་ བཀའ་དགོངས་ཕུར་གསུམ་སྦེ་ཡོད་ས་ལས་ སྟེང་ཐོག་དགོངས་འདུས་དང་ བར་ཐོག་བཀའ་བརྒྱད་ དེ་ལས་ འོག་ཐོག་ཕུར་པའི་སྐུ་འདྲ་ཡོདཔ་ལས་ བཀའ་དགོངས་ཕུར་༣ གྱི་སྒྲུབ་ཆེན་དེ་ གནང་དོ་ཡོདཔ་ཨིན་པས།
སྟེང་ཐོག་དགོངས་འདུས་ཀྱི་སྒྲུབ་ཆེན་དེ་ གཞུང་གྲྭ་ཚང་གིས་ གནང་དོ་ཡོདཔ་ད་ བར་ཐོག་བཀའ་བརྒྱད་ཀྱི་སྒྲུབ་ཆེན་དེ་ ཐིམ་ཕུག་ཐ་བྲག་སྒྲུབ་སྡེའི་མཚམས་པ་ཚུ་གིས་ གནང་དོ་ཡོདཔ་ད་ དེ་ལས་ འོག་ཐོག་ཕུར་པའི་སྒྲུབ་ཆེན་དེ་ མཆོད་བཤམ་གནང་སྦེ་ ལྷུན་རྩེ་མཁོ་མའི་བླམ་ རིག་འཛིན་དབང་ཕྱུག་གིས་ དབུ་བཞུགས་ཐོག་ བཀྲིས་བསྒང་བར་མཚམས་ གསང་བདག་དགོན་པའི་མཚམས་པ་དང་སྒོམ་ཆེན་ཚུ་གིས་ གནང་དོ་ཡོདཔ་ཨིན་པས།
བཀའ་བརྒྱད་དང་ དགོངས་འདུས་ དེ་ལས་ ཕུར་པ་༣ དེ་ སྔ་འགྱུར་རྙིང་མའི་ ཡི་དམ་གཙོ་བོ་ཨིནམ་བཞིན་དུ་ དགོངས་རྫོགས་མཆོད་རྟེན་གྱི་ ནང་རྟེན་གཙོ་ཅན་ བཀའ་དགོངས་ཕུར་༣ གྱི་ སྐུ་མདུན་ལུ་ སྒྲུབ་ཆེན་གནང་ནིའི་སྲོལ་ཡང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ གཞི་བཙུགས་གནང་མི་དེ་ སྔོན་གྱི་ལུང་བསྟན་དང་འཁྲིལ་ཨིན་པས།
དགོངས་འདུས་ལུ་ལྷ་ཚོགས་༡༣ དང་ བཀའ་བརྒྱད་ལུ་འཁོར་ངོ་མ་༨ དང་ དེའི་ཡན་ལག་འབདཝ་ད་ ལྷ་ཚོགས་ཡོངས་བསྡོམས་༧༢༥ དེ་ལས་ ཕུར་པ་ལུ་ལྷ་ཚོགས་༡༣༠ ལྷགཔ་ཅིག་ཡོདཔ་མ་ཚད་ བཀའ་དགོངས་ཕུར་གསུམ་གྱི་སྐུ་འདྲ་དེ་ སྟེང་འོག་བར་གསུམ་སྦེ་ བཞུགས་སུ་གསོལ་ཡོད་རུང་ ཁོང་ར་ བླ་མ་དང་ ཡི་དམ་ དེ་ལས་ མཁའ་འགྲོ་གི་ངོ་བོ་ཨིནམ་ལས་ རིམ་པ་ལུ་དབྱེ་བ་མེད་ཟེར་ བར་མཚམས་གསང་བདག་དགོན་པའི་ རྡོ་རྗེ་སློབ་དཔོན་ བསོད་ནམས་བཟང་པོ་གིས་ བཤད་ཅི།
ཐིམ་ཕུག་རྗེས་དྲན་མཆོད་རྟེན་དེ་ ཞིང་གཤེགས་དམ་པ་ མི་དབང་འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ དགོངས་རྫོགས་ཀྱི་དོན་ལུ་ སྐྱབས་རྗེ་བདུད་འཇོམས་རིམ་པོ་ཆེ་མཆོག་གིས་ ཞལ་བཀོད་གནང་མི་དང་འཁྲིལ་བཞེངས་ཡོདཔ་མ་ཚད་ སྒྲུབ་ཆེན་གནང་མི་དེ་ཡང་ བདུད་འཇོམས་གོང་འོག་༢ ཀྱི་ གཏེར་ཆོས་གྱི་ སྒྲུབ་ཆེན་ཨིན་པས།
རྡོ་རྗེ་སློབ་དཔོན་ བསོད་ནམས་བཟང་པོ་གིས་འབད་བ་ཅིན་ བཀའ་བརྒྱད་དགུ་འདུས་ཀྱི་ སྒྲུབ་ཆེན་དེ་ གཏེར་སྟོན་པ་དགུ་གིས་ གཏེར་ཆོས་དགུཔོ་དེ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ ཕྱོགས་སྒྲིགས་མཛད་དེ་ གཅིག་ཁར་བསྡུས་གནང་མི་དེ་ བཀའ་བརྒྱད་དགུ་འདུས་ཟེར་ ཞུཝ་ཨིན་ཟེར་ཨིན་པས།
བཀའ་བརྒྱད་ལུ་ ཡི་དམ་གྱི་ལྷ་བརྒྱད་ཡོདཔ་ལས་ བཀའ་བརྒྱད་ཟེར་ཞུཝ་ཨིནམ་ད་ དེ་ཡང་ ཤར་ལུ་ཡང་དག་དང་ ལྷོར་ཤིན་རྗེ་ ནུབ་ཏུ་རྟ་མགྲིན་ བྱང་ཕུར་པ་ ཤར་ལྷོར་བླ་མ་ཧེ་རུ་ཀ་ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ་ ནུབ་བྱང་དྲེག་པ་ཀུན་འདུལ་ དེ་ལས་ བྱར་ཤར་ལུ་ དྲག་སྔགས་སྟོབས་ལྡན་ཚུ་ཨིནམ་ད་ དེའི་འཁོར་ཚུ་བརྩིས་བའི་སྐབས་ བཀའ་བརྒྱད་ལུ་ འཁོར་༧༢༥ ཡོདཔ་ཨིན་པས།
དེ་ལས་ ཕུར་པ་ལུ་འབད་བ་ཅིན་ ཕུར་པ་ཡབ་དང་ ཡུམ་གཉིསཔོ་སྦྱོར་ཡུམ་དང་སྒྲོལ་ཡུམ་ ཀི་ལ་རིགས་༥ ཁྲོ་བཅུ་ཡབ་ཡུམ་༢༠ ཟ་བརྒྱད་གསོ་བརྒྱད་༢༠ སྲས་ཆེན་༢༡ སྒོ་མ་༤ ཕུར་སྲུང་༡༦ དེ་ལས་ ཕྱོགས་༤ གི་དབང་ཕྱུག་མ་༢༨ ཡོདཔ་ད་ ད་རེས་ སྒྲུབ་ཆེན་གནང་མི ཕུར་པའི་ཆོ་ག་དེ་ བདུད་འཇོམས་གོངམ་ ཁྲག་འཐུང་བདུད་འཇོམས་གླིང་པའི་དགོངས་གཏེར་ ཕུར་པ་གནམ་ལྕགས་སྤུ་གྲི་དེ་ཨིན་པས།
ཕུར་པ་གནམ་ལྕགས་སྤུ་གྲི་གི་གཏེར་དེ་ ཁྲག་འཐུང་བདུད་འཇོམས་གླིང་པ་གིས་ བོད་ཁམས་ སེར་སྨད་རྔ་རོལ་སྟག་རྩེ་ཟེར་སའི་ བྱག་ཅིག་ལས་ གཏེར་སྦེ་བཞེས་ཡོདཔ་ད་ གཏེར་དེ་ བྲག་གཏེར་སྦེ་ མཁའ་འགྲོ་དག་ཡིག་ཐོག་ལུ་ བཞེས་ཡོད་པའི་ལོ་རྒྱུས་ཚུ་ བདུད་འཇོམས་གསུང་འབུམ་ཚུ་ནང་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ ཁྲག་འཐུང་བདུད་འཇོམས་གླིང་པ་གིས་ ཕུར་པ་གནམ་ལྕགས་སྤུ་གྲི་གི་ གཏེར་བཞེས་ནིའི་ལུང་བསྟན་ དགུང་ལོ་བརྒྱད་བཞེསཔ་ད་ མཁའ་འགྲོ་མ་ཚུ་གིས་ གནང་ཡོདཔ་ཨིན་རུང་ གཏེར་ལོ་༢༥ གི་རིང་ གསང་བཞག་པའི་ཤུལ་ལས་རྐྱངམ་གཅིག་ བཞེས་ཡོདཔ་ཨིན་པས།
སྒྲུབ་ཆེན་གྱི་སྐབས་ལུ་ སྐུ་འཆམ་ཚུ་ཡང་གནང་ས་ལས་ གྱིང་དཀར་ནག་དང་ ཀུན་ཐུབ་ཀྱི་ སྐུ་འཆམ་གནང་མི་དེ་ ཡི་དམ་ལྷ་ཚོགས་ཀྱི་ ངོ་བོ་ཨིན་པའི་ བརྡ་མཚོན་ཨིནམ་ད་ སྐུ་འཆམ་དང་འབྲེལ་ བགེགས་སྐྲོད་རྐྱབ་མི་དེ་ ཕྱིའི་དགྲ་དང་བགེགས་ ལ་སོགས་པ་ཚུ་ལས་ཟློག་སྟེ་ ནང་གི་དངོས་གྲུབ་དང་བྱིན་རླབས་ ཕྱི་ཁར་མི་གཏང་ནིའི་དོན་ལུ་ཨིན་པས།
བཀའ་དགོངས་ཕུར་༣ གྱི་ སྒྲུབ་ཆེན་དེ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ འགོ་བཙུགས་གནང་པའི་ཤུལ་ལས་ རྒྱ་གར་ཀ་ལི་ཕུག་ལུ་ཡོད་པའི་ སྐྱབས་རྗེ་མཆོག་གི་ བྱང་གསར་དགོན་པའི་བླམ་ ཀློང་གྲོལ་གྱིས་གཙོས་པའི་ མཚམས་པ་ཚུ་གིས་ གནང་ཡོདཔ་ད་ ཤུལ་ལས་ རྡོ་གྲུབ་རིན་པོ་ཆེ་མཆོག་གིས་ཡང་ གནང་ནུག།
དེའི་ཤུལ་ལས་ ཡོན་ཕུ་ལ་རིན་པོ་ཆེ་གིས་གཙོས་པའི་ ཡོན་ཕུ་ལ་ ཨྱོན་མདོ་སྔགས་ཆོས་འཁོར་གླིང་དགོན་སྡེའི་ མཚམས་པ་དང་ སྒོམ་ཆེན་ཚུ་གིས་ གནང་ཡོདཔ་ད་ ད་རེས་ གཞུང་གྲྭ་ཚང་དང་ ཐ་བྲག་དགོན་པ་ དེ་ལས་ བར་མཚམས་གསང་དག་དགོན་པ་གིས་ གནང་སྟེ་ ལོ་ངོ་མང་རབས་ཅིག་སོང་ནུག།
རང་ཟླ་༩ པའི་ཚེས་༢༠ ལས་ འགོ་བཙུགས་མི་ སྒྲུབ་ཆེན་དེ་ ཚེས་༣༠ ལུ་ མི་མང་ལུ་ དངོས་གྲུབ་བླངས་དབང་ གནང་ཐོག་ལས་འགྲོལ་གནང་ནི་ཨིནམ་ད་ སྒྲུབ་ཆེན་གནང་མི་དེ་ རྒྱལ་ཁབ་ཀྱི་ ཞི་བདེའི་དོན་ལུ་ཨིནམ་བཞིན་དུ་ ཕུར་པ་གནམ་ལྕགས་སྤུ་གྲི་གི་གཏེར་ཁ་ལས་ཡང་ སྒྲུབ་ཆེན་གནང་བའི་ཕན་ཡོན་ ཚེ་རིང་ནད་མེད་ཕུན་སུམ་ཚོགས་ནི་དང་ རྒྱལ་ཁབ་ནང་ཞི་བདེ་འབྱུང་ནི་ དེ་ལས་ བསམ་དོན་ལྷུན་གྱིས་འགྲུབ་ཚུགས་ཟེར་ གསུངས་བཞག་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *