འདས་པའི་ཟླཝ་ནང་ སྒོང་རྡོག་བཙུགས་ཧོད་བཟོ་སྐྲུན་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ བཙུགས་ཧོད་༨༦,༤༠༠ བཟོ་ནུག།

དགེ་སློང་ཅིག་ སྒོང་རྡོག་བཙུགས་ཧོད་བཟོ་སྐྲུན་འབད་མི་ ཚོང་པ་ཅིག་ལུ་གྱུར་ཡོདཔ།

༉ ད་ལས་ཕར་ གསར་སྤང་དང་ རྩི་རང་ དར་དཀར་ནང་རྫོང་ཁག་༣ ནང་ བྱ་གསོ་སྐྱོང་ཁང་གི་ ཇོ་བདག་ཚུ་གིས་ སྒོང་རྡོག་བཀྲམ་སྤེལ་འབད་ནིའི་དོན་ལུ་ སྒོང་རྡོག་བཙུགས་ཧོད་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་དགོཔ་ མི་འཐོན་ནི་ཨིན་པས།
དེ་ཡང་ དགེ་བགྲེས་འཕྲིན་ལས་ཕུན་ཚོགས་ཀྱིས་ འདས་པའི་ཟླཝ་ནང་ གསར་སྤང་ཆོས་འཁོར་གླིང་ལུ་ སྒོང་རྡོག་བཙུགས་ཧོད་ (ཊེ) བཟོ་སྐྲུན་སྡེ་ཕྲན་ཅིག་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།
འཕྲིན་ལས་ཕུན་ཚོགས་ཀྱིས་ ཟོ་སྐྲུན་སྡེ་ཕྲན་འགོ་བཙུགས་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ སྒོང་རྡོག་འབོར་ཆེ་ཏོག་ཏོ་སྦེ་ ཐོན་སྐྱེད་འབད་མི་ ལྷོ་ཕྱོགས་རྫོང་ཁག་ཚུ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བཙུགས་ཧོད་ནང་འདྲེན་འབད་མི་དེ་ འབད་མ་དགོཔ་བཟོ་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
འཕྲིན་ལས་ཀྱིས་ དགེ་སློང་ནང་ སྡོད་པའི་སྐབས་ ཤེས་ཡོན་ལེགས་ཤོམ་སྦེ་ སྦྱང་མ་ཚུགས་པའི་ དཀའ་ངལ་དང་ ཁོ་ར་ལུ་ སྟབས་མ་བདེཝ་ དུམ་གྲ་ཅིག་ཡོད་མི་ལུ་བརྟེན་ ལོ་ངོ་༡༡ གི་རིང་ རྒྱ་གར་མའི་སོར་ལུ་ གྲྭ་ཚང་ནང་ སྡོད་པའི་ཤུལ་ལུ་ ཐོན་སྡོད་ཡོདཔ་ཨིན་པས།
ཁོ་གིས་ སྒོང་རྡོག་བཙུགས་ཧོད་ བཀྲམ་སྤེལ་འབད་ནི་དེ་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ཏེ་ ལོ་༤ དེ་ཅིག་གི་རྒྱབ་ལས་ ཁོ་ར་གིས་ བཟོ་སྐྲུན་འབད་ནིའི་ འཆར་གཞི་བརྩམས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྒོང་རྡོག་ཚུ་ བཀྲམ་སྤེལ་འབད་བའི་སྐབས་ བཙུགས་ཧོད་མེད་པའི་ གདོང་ལེན་སྦོམ་བྱུང་སར་ མཐོང་པའི་ཤུལ་ལུ་ ཁོ་གིས་ རྒྱ་གར་ལས་ བཙུགས་ཧོད་ནང་འདྲེན་འབད་དེ་ བྱ་གསོ་སྐྱོང་ཁང་གི་ ཇོ་བདག་ཚུ་ལུ་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
དེ་གི་ཤུལ་ལས་ འཕྲིན་ལས་ཕུན་ཚོགས་ཀྱིས་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ བོང་གའི་གོང་ལས་ ནང་འདྲེན་འབད་བའི་ཤུལ་ལུ་ ཁོ་གི་ཉམས་མྱོང་དང་ ཁྲོམ་གྱི་གོ་སྐབས་སྐོར་ལས་ ཧ་གོ་མི་ལུ་བརྟེན་ སྒོང་རྡོག་བཙུགས་ཧོད་བཟོ་སྐྲུན་སྡེ་ཕྲན་བཙུགས་ནིའི་ གནས་སྐབས་ཐོབ་ཅི་ཟེར་ བཤདཔ་ཨིན་པས།
འདས་པའི་ཟླཝ་གཅིག་གི་ ནང་འཁོད་ལུ་ འཕྲིན་ལས་ཀྱིས་ བཙུགས་ཧོད་༨༦,༠༠༠ བཟོ་སྐྲུན་འབད་ཡོདཔ་ད་ བཟོ་སྐྲུན་འཕྲུལ་ཆས་དེ་གིས་ ཉིནམ་༡ ནང་ དུས་ཡུན་ཆུ་ཚོད་༨ ཀྱི་རིང་ ལཱ་འབད་བའི་ཤུལ་ལུ་ བཙུགས་ཧོད་༥,༧༠༠ ལས་བརྒལ་ བཟོ་སྐྲུན་འབད་མི་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ཁོ་གིས་ ཉིནམ་རེ་ལུ་ བཙུགས་ཧོད་༣,༦༠༠ བཟོ་སྐྲུན་འབད་དོ་ཡོདཔ་ད་ ཤུལ་ལས་ མཁོ་མངགས་དང་འཁྲིལ་ བཟོ་སྐྲུན་མངམ་འབད་འོང་ཟེར་ཨིནམ་བཞིན་དུ་ བཟོ་སྐྲུན་ཁང་དེ་ནང་ ལས་བྱེདཔ་༣ ཡོདཔ་ཨིན་པས།
འཕྲིན་ལས་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ བྱ་གསོ་སྐྱོང་ཁང་གི་ ཇོ་བདག་ག་ར་གིས་ སྒོང་རྡོག་བཙུགས་ཧོད་ཚུ་ ཁོ་ལས་ ཉོ་བ་ཅིན་ ནང་འདྲེན་མར་འབབ་འགྱོ་ནི་དང་ གོང་ཚད་ཡང་ རན་ཏོག་ཏོ་སྦེ་ བཙོང་དོ་ཟེར་ཨིན་པས།
ཁོ་གིས་ སྒོང་རྡོག་བཙུགས་ཧོད་གསརཔ་རེ་ལུ་ དངུལ་ཀྲམ་༣.༧༥ རེ་སྦེ་ བཙོང་དོ་ཡོདཔ་ད་ རྒྱ་གར་ལས་ སྒོང་རྡོག་བཙུགས་ཧོད་རྙིངམ་ལུ་ཡང་ གོང་ཚད་དེམ་ཅིག་ར་ གནས་དོ་ཡོདཔ་ཨིན་པས།
འཕྲིན་ལས་ཀྱིས་ འཕྲལ་མགྱོགས་ར་ སྒོང་རྡོག་འདེགས་སའི་ ཤོག་སྒྲོམ་ཚུ་ཡང་ བཟོ་སྐྲུན་འབད་ནི་གི་ འཕྲུལ་ཆས་བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ཁོ་གིས་ སྒོང་རྡོག་བཙུགས་ཧོད་སྡེ་ཕྲན་ གཞི་བཙུགས་འབདཝ་ད་ དངུལ་ཀྲམ་ས་ཡ་༧.༦ ཟད་འགྲོ་བཏང་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༥.༡ དངུལ་སྐྱེད་བརྒྱ་ཆ་༤ རེ་སྦེ་ འབྲུག་གོང་འཕེལ་དངུལ་ཁང་གི་ ནང་བཟོ་དང་ བཟོ་གྲྭ་ཆུང་ཀུའི་ དངུལ་འབྲེལ་ལས་ཁུངས་ལས་ ལེན་ནུག།
ད་ལྟོ་ ཁོ་གིས་ སྒོང་རྡོག་བཙུགས་ཧོད་བཟོ་ནིའི་ རྒྱུ་ཆས་ཚུ་ དགེ་ལེགས་ཕུག་ཁྲོམ་ཁར་ ཤོག་གུ་བཙོང་མི་དང་ ཚོང་པ་ཚུ་ལས་ ལེན་དོ་ཡོདཔ་ད་ ཁོ་གིས་ ལུང་ཕྱོགས་ནང་གི་ སློབ་གྲྭ་ཁག་ནང་ ཤོག་གུ་མ་དགོ་པར་ བཀོག་ནི་ཨིན་མི་ཚུ་ ཁོ་དང་གཅིག་ཁར་ འབྲེལ་བ་འཐབ་དགོཔ་སྦེ་ ཞུ་བ་འབད་དེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *