འདས་པའི་ཉིནམ་༢ ཀྱི་རིང་ དགེ་ལེགས་ཕུག་ལུ་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ཁ་ཙ་ ནང་འཁོད་གནམ་གྲུ་ཐང་གི་ ཉེ་འདབས་ལུ་ཡོད་མི་ ཨའི་པོ་ལི་རོང་ཆུའི་ ལྕགས་ཟམ་དེ་ རམ་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ ཨའི་པོ་ལི་རོང་ཆུའི་ལྕགས་ཟམ་ སྤྱི་ལོ་༢༠༡༩ ལུ་ཡང་ ཐེངས་༢ རམ་ཡོདཔ།

༉ འདས་པའི་ཉིནམ་༢ ཀྱི་རིང་ དགེ་ལེགས་ཕུག་ལུ་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ཁ་ཙ་ ནང་འཁོད་གནམ་གྲུ་ཐང་གི་ ཉེ་འདབས་ལུ་ཡོད་མི་ ཨའི་པོ་ལི་རོང་ཆུའི་ ལྕགས་ཟམ་དེ་ རམ་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ རོང་ཆུ་བྲེས་མི་ལུ་བརྟེན་ ཆུ་རུད་ཐོན་ནུག་ཟེར་ཨིནམ་ད་ བྱུང་རྐྱེན་དེ་ནང་ མི་ལུ་གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།

ཨིན་རུང་ བག་བག་གཏང་མི་ཅིག་ ཧང་སྟོང་མར་ ཟམ་རམ་འགྱོཝ་དང་ ཁ་ཐུག་རྐྱབ་སྟེ་ དུམ་གྲ་ཅིག་གིས་མ་ཕོག་རུང་ བག་བག་དེ་ རོང་ཆུ་ནང་ བུད་ཡོདཔ་ཨིན་པས།

ལྕགས་ཟམ་དེ་ དགེ་ལེགས་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་ཕྱེད་དང་༢ ཀྱི་ས་ཁར་ཨིནམ་ད་ དུས་རྒྱུན་དུ་ དགེ་ལེགས་ཕུག་ཁྲོམ་ ཁར་འོང་མི་ འགྲོ་འགྲུལ་པ་ཚུ་ ཉིན་མའི་ཆུ་ཚོད་༡༠ དེ་ཅིག་ཁར་ གཞུང་ལམ་སྒོ་མ་ཕྱེ་ཚུན་ ཐོགས་ལུས་ཡོདཔ་ཨིན་པས།

འགྲོ་འགྲུལ་འབད་མི་ཚུ་གི་དོན་ལུ་ རོང་ཆུ་ཁ་བསྒྱུར་ཏེ་ གནས་སྐབས་ཀྱི་ལམ་གསརཔ་ཅིག་ བཟོ་ཡོདཔ་ད་ དགེ་ལེགས་ ཕུག་ཁྲོམ་དཔོན་ ཚེ་རིང་ནོར་བུ་གིས་ བཤད་མིའི་ནང་ རོང་ཆུ་དེ་གི་ལྟག་ལུ་ གཏན་འཇགས་ཀྱི་ ཟམ་རྐྱབ་ནི་ཨིནམ་ལས་ རམ་འགྱོ་མི་ཟམ་དེ་ ལོག་བཅོ་ཁ་རྐྱབ་ནིའི་ འཆར་གཞི་མེད་ཟེར་ཨིན་པས།

གནམ་བྱཱར་གྱི་དུས་ཚོད་ རྫོགས་རན་དོ་ཡོདཔ་ལས་ ཤུལ་མའི་ གནམ་བྱཱར་མ་རན་པའི་ཧེ་མར་ ཟམ་གསརཔ་དེ་ཡང་ རྐྱབ་ཚར་ནི་ཨིནམ་ལས་ དཀའ་ངལ་དེ་ཅིག་ མི་འབྱུང་ཟེར་ ཁྲོམ་དཔོན་གྱིས་བཤད་ཅི།

ཁོ་གིས་སླབ་མིའི་ནང་ ཁྲོམ་སྡེ་གིས་ ཕྲང་ལམ་དེ་ གནམ་བྱཱར་གྱི་ཟླཝ་མཇུག་ཚུན་ ཉམས་བཅོས་འབད་དེ་ བཞག་འོང་ཟེར་ཨིནམ་ད་ དེ་ལུ་ ཐབས་ལམ་གཞན་མིན་འདུག་ཟེར་ཨིན་པས།

ལྕགས་ཟམ་དེ་ སྤྱི་ལོ་༢༠༡༩ ལུ་ གནས་སྐབས་ཀྱི་དོན་ལས་ ལམ་སེལ་ལས་ཁུངས་ཀྱི་ གྲོགས་རམ་ཐོག་ལས་ རྐྱབ་ཡོདཔ་ད་ ཟམ་གྱི་ཅ་ཆས་ཚུ་ཡང་ གཞལམ་སྒང་ལས་ འབག་འོང་ཡོདཔ་ཨིན་པས།

ཁྲོམ་སྡེ་གིས་ ཟམ་དེ་ ལོག་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་༦༠༠,༠༠༠ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ ཆུ་རུད་དེ་གིས་ ཟམ་ གྱི་ཉེ་འདབས་ལུ་རྐྱབ་ཡོད་མི་ ཆུ་རུད་བཀག་ཐབས་ཀྱི་ བྱང་རྩིག་ཆ་ཤས་ཅིག་ཡང་ མེདཔ་བཏང་ནུག་ཟེར་ཨིན་པས།

གནས་སྐབས་ཟམ་གྱིས་ ལོ་༢ དེ་ཅིག་ལས་ མ་ཐུབ་ནི་དེ་གིས་ ས་གནས་ནང་སྡོད་མི་ཚུ་གིས་ སླབ་མིའི་ནང་ ཟམ་གྱི་ཕྱོགས་གཉིས་ཆ་རའི་ནང་ བྱང་རྩིག་ཚུ་རྐྱབ་པ་ཅིན་ རམ་མ་འགྱོཝ་འོང་ཟེར་ཨིན་པས།

ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་གསརཔ་རྐྱབ་པའི་བསྒང་ཡོད་མི་དེ་ནང་ ཆུ་རུད་ལ་སོགས་པའི་དོན་ལུ་ ཉེན་སྲུང་གི་ ཐབས་ལམ་ཚུ་ ག་ར་ཡོད་ཟེར་ཨིན་པས།

ད་ལྟོའི་ཟམ་དེ་ གནས་སྐབས་དོན་ལུ་ གློ་བུར་དུ་ རྐྱབ་ཡོདཔ་ད་ ཟམ་རྐྱབ་སའི་ས་ཆ་དེ་ཡང་ བརྟན་ཏོག་ཏོ་ཅིག་མེད་པའི་ཁར་ རོང་ཆུ་བྲེས་མི་ལུ་བརྟེན་ རམ་སོ་ནུག་ཟེར་ཨིནམ་ད་ ཟམ་དེ་ སྤྱི་ལོ་༢༠༡༩ ལུ་ ཚར་༢ རམ་ཡོདཔ་ཨིན་པས།

ཨའི་པོ་ལི་ལུ་ གསརཔ་རྐྱབ་པའི་བསྒང་ཡོད་མི་དེ་ སྤྱི་ལོ་༢༠༢༢ ཟླ་༧ པའི་ནང་ རྐྱབ་ཚར་ནིའི་འཆར་གཞི་ཡོདཔ་ད་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ཚད་ཀྱིས་ དངུལ་ཀྲམ་ས་ཡ་༡༥༠ ཟད་འགྲོ་གཏང་ཐོག་ལས་ རྐྱབ་དོ་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *