༉ དགེ་ལེགས་ཕུག་ ལུང་ཕྱོགས་སོ་ནམ་འཕྲུལ་ཆས་ལས་འཛིན་ཚད་ཀྱི་ འགོ་དཔོན་ཚུ་ གནམ་སེར་ཁའི་ ནམ་དུས་ཀྱི་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་རན་ཏེ་ ཨ་རིང་གྱེད་ཚིགས་བཞུ་ནི་དང་ ཚིགས་བཏོག་ནིའི་ གྲ་སྒྲིག་ཚུ་འབད་དོ་ཡོད་རུང་ ན་ཧིང་གི་ ཆུམ་བཙོང་མ་ཚུགས་པར་ལུས་མི་གིས་ འགོ་དཔོན་ཚུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ ལུང་ཕྱོགས་སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ ན་ཧིང་ སོ་ནམ་ལྷན་ཁག་གིས་ ནམ་དུས་གཉིས་ཀྱི་དོན་ལུ་བྱིན་མི་ རྒྱ་གར་གྱི་ རེད་ཀྱི་ལྕང་སོན་མ་འདྲཝ་ཚུ་ བཏབ་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོ་རིམ་དང་པ་ བསྡུ་གསོག་འབད་མིའི་རེད་ཚུ་ འདས་པའི་ཟླཝ་ནང་ འཐགམ་བརྡུངས་ཡོདཔ་ཨིན་རུང་ དུས་ཅི་ བསྡུ་གསོག་འབད་མིའི་རེད་ཚུ་ ད་ལྟོ་ དགེ་ལེགས་ཕུག་གི་ མཛོད་ཁང་ནང་ར་ བཞག་སྟེ་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ འབད་བ་ཅིན་ ཁོང་ལུ་ གཏན་འཇགས་ཀྱི་ཚོང་མགྲོན་པ་དེ་ གསར་སྤང་སློབ་གྲྭ་ལྟེ་བ་ཅིག་མ་གཏོགས་ གཞན་མེད་ཟེར་ཨིན་པས།
ལུང་ཕྱོགས་སོ་ནམ་འཕྲུལ་ཆས་ལས་འཛིན་གྱི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ གསར་སྤང་སློབ་གྲྭ་ལྟེ་བ་གིས་ ཟླཝ་གཅིག་ནང་ ཆུམ་ཀེ་ཇི་༢༦,༠༠༠ ཉོ་དོ་ཡོདཔ་བཞིན་དུ་ ཆུམ་ཀེ་ཇེ་རེ་ལུ་ རིན་གོང་དངུལ་ཀྲམ་༢༨.༥ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སོ་ནམ་འཕྲུལ་ཆས་ལས་འཛིན་གྱི་ཆུམ་ཚུ་ ཁྲོམ་ཁར་བཙོང་དོ་ཡོད་རུང་ མི་ཚུ་གིས་ ས་མཚམས་ཀྱི་ཆུམ་ གོང་ཚད་ཉུང་སུ་སྦེ་ ཐོབ་མི་ལུ་བརྟེན་ ང་བཅས་ཀྱིས་ ཐོན་སྐྱེད་འབད་མི་ ཆུམ་ཉོ་མི་བཏུབ་པས་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ ཆུམ་ཚུ་དུས་ཚོད་ཁར་ བཙོང་མ་ཚུགས་པ་ཅིན་ ཆུམ་བཞག་སའི་ ས་སྒོ་ལངམ་སྦེ་མེད་པར་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ དུས་ཅི་གི་ལོ་ནང་ འབད་བ་ཅིན་ ཉ་གསོ་སྐྱོང་ཁང་གི་ ཉེ་འདབས་ལུ་ཡོད་པའི་ ས་ཆ་ཨེ་ཀར་༧༥ ནང་ལས་ ཆུམ་མེ་ཊིག་ཊོན་༤༠.༧ དེ་ཅིག་ བསྡུ་གསོག་འབད་ཡི་ཟེར་ཨིན་པས།
རེད་བསྡུ་གསོག་འབད་མི་ཡོངས་བསྡོམས་ལས་ ཞིང་གི་ཇོ་བདག་ཚུ་གི་ བགོ་བཤའ་བརྒྱ་ཆ་༢༠ གི་བརྩིས་འབདཝ་ད་ རེད་མེ་ཊིག་ཊོན་༨.༡ བྱིན་ཡི་ཟེར་ མོ་གིས་བཤདཔ་ཨིན་པས།
སྤྱིར་བཏང་ གནམ་སེར་ཁ་བསྡུ་གསོག་འབད་མི་ འབྱ་གི་ཐོན་ཤུགས་དེ་ ལེགས་ཤོམ་ཡོད་རུང་ ཚོང་འབྲེལ་གྱི་ཐད་ལུ་ལྷོདཔ་ད་ གདོང་ལེན་སྦོམ་ཤོས་ཅིག་ཨིན་མས་ཟེར་ ཀུན་ལེགས་བཟང་མོ་གིས་ བཤདཔ་ཨིན་པས།
ཉ་གསོ་སྐྱོང་ས་ཁོངས་ནང་ དུས་ཡུན་རིངམོ་སྦེ་ ལྕང་ལཱ་མ་རྐྱབ་པར་བཞག་པའི་ཤུལ་ལུ་ སའི་ཇོ་བདག་༣༧ དེ་ཅིག་གིས་ ས་ཆ་ལེན་ཐོག་ལས་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་པས།
ལུང་ཕྱོགས་སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ ཁོང་གི་ཐོན་སྐྱེད་ཚུ་ གཏན་འཇགས་ཀྱི་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ གསར་སྤང་སློབ་གྲྭ་ལྟེ་བ་ གཞན་ཚུ་དང་གཅིག་ཁར་ཡང་ བདེ་སྒྲིག་འབད་ནི་ཟེར་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་ ཀུན་ལེགས་བཟང་མོ་གིས་ སླབ་མིའི་ནང་ དུས་ཅི་སྤྱི་ཟླ་༦ པའི་ནང་ བསྡུ་གསོག་འབད་མིའི་རེད་ཚུ་ མགྱོགས་པ་ར་ འཐགམ་བརྡུང་ནི་ཨིན་རུང་ ང་བཅས་ལུ་ ཚོང་མགྲོན་པ་ མེད་པའི་དཀའ་ངལ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སོ་ནམ་འཕྲུལ་ཆས་ལས་འཛིན་ལུ་ སློབ་གྲྭ་ཁག་དང་ རྫོང་ཁག་བདག་སྐྱོང་ཚུ་གིས་ རྒྱབ་སྐྱོར་འབད་ཐོག་ལས་ སློབ་གྲྭ་ཚུ་ནང་ ཕྱི་ཁའི་ཆུམ་ནང་འདྲེན་འབད་ནི་དེ་ མཚམས་འཇོག་འབད་ཞིནམ་ལས་ ནང་འཁོད་ལས་ཐོན་མིའི་ཆུམ་ བཅུད་ཅན་ཚུ་ སློབ་ཕྲུག་ཚུ་ལུ་ བྱིན་པ་ཅིན་ ལེགས་ཤོམ་འོང་ཟེར་ཨིནམ་ད་ རྫོང་ཁག་གཞན་ཚུ་ནང་ཡོད་པའི་ སློབ་གྲྭ་ཚུ་ལུ་ཡང་ བཀྲམ་སྤེལ་འབད་བ་ཅིན་ ཚོང་འབྲེལ་ལེགས་ཤོམ་འགྱོ་འོང་ཟེར་ཨིན་པའི་ གནས་ཚུལ།
རྣམ་རྒྱལ་དབང་མོ་དང་ ནིར་མ་ལ་པོག་རེལ།