བཟོ་སྐྲུན་འབད་ཚར་མི་ ཤེ་ཏི་ཁ་རི་ཟམ།

དགེ་ལེགས་ཕུག་ཤེ་ཏི་ཁ་རི་ཟམ་ བཟོ་སྐྲུན་འབད་ཚར་ཡོདཔ།

༉ ལམ་སེལ་ལས་ཁུངས་ཀྱིས་ དགེ་ལེགས་ཕུག་ཤེ་ཏི་ཁ་རི་གཙང་ཆུ་གུ་ལས་ ཟམ་བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཡུན་ཟླཝ་༦ དེ་ཅིག་ནང་ མཇུག་བསྡུ་ཡོདཔ་ད་ རིང་ཚད་མི་ཊར་༥༠ འབད་མི་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ དུས་ཅི་ ལོ་འགོ་བཙུགས་ཁམས་ལུ་ འགོ་བཙུགས་ཡོདཔ་ཨིན་པས།

ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟམ་བཟོ་སྐྲུན་འབད་མི་དེ་ གནམ་བྱཱར་གྱི་དུས་ཚོད་ལུ་ ཤེ་ཏི་ཁ་རི་གཙང་ཆུ་ བྲེས་དོ་ཡོད་མི་དེ་གིས་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ སྣུམ་འཁོར་ཚུ་ ཐོགས་ལུས་དོ་ཡོདཔ་ལས་ རྒྱུན་འགྲུལ་ལུ་ བར་ཆད་མི་རྐྱབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཟམ་གསརཔ་གུ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་སྟེ་ དུས་ཡུན་བདུན་ཕྲག་༡ དེ་ཅིག་ ལང་ཡོདཔ་ཨིན་པས།

ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ སི་བི་མོང་སྒར་གྱིས་ སླབ་མིའི་ནང་ ལས་ཁུངས་ལས་ འདས་པའི་ལོ་ཚུ་ནང་བཟུམ་སྦེ་མེན་པར་ གནམ་བྱཱར་ལུ་ སྣུམ་འཁོར་ཚུ་ ཐོགས་ཆ་མེད་པར་ རྒྱུན་འགྲུལ་འཐབ་ཚུགསཔ་བཟོ་དགོ་པའི་ བཀའ་རྒྱ་ཡོདཔ་ལས་ མགྱོགས་པར་མཇུག་བསྡུ་ཐབས་ལུ་ ཁག་འབགཔ་དང་གཅིག་ཁར་ མཐུན་འབྲེལ་ཐོག་ལས་ ལྟ་རྟོག་འབད་ཡི་ཟེར་ཨིན་པས།

ཤེ་ཏི་ཁ་རི་ལུ་ ཟམ་བཟོ་སྐྲུན་འབད་མི་དེ་ ཐེངས་༢ པ་ཨིནམ་ད་ ཧེ་མའི་ རིང་ཚད་མི་ཊར་༨༨.༤ འབད་མི་ ཟམ་རྙིངམ་དེ་ མི་ཊར་༥༠༠ དེ་ཅིག་གི་ ས་ཁར་ཡོདཔ་བཞིན་དུ་ ད་ལྟོའི་ཟམ་གསརཔ་གི་ བཟོ་སྐྲུན་འགོ་བཙུགསཔ་ཅིག་ གཙང་ཆུ་དེ་ཡང་ ཕྱོགས་གཞན་ཁར་ལས་ ཁ་བསྒྱུར་བཏང་ཡོདཔ་ཨིན་པས།

ཟམ་གསརཔ་བཟོ་སྐྲུན་གྱི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༡༤.༥ དེ་ཅིག་ གནས་ཡོདཔ་ཨིན་པས།

དགེ་ལེགས་ཕུག་གི་ གཡུས་ཚན་ཚུ་ནང་ ཆ་རུད་བཀག་ཐབས་ལུ་ འདས་པའི་གསར་སྤང་རྫོང་ཁག་ཚོགས་འདུའི་ནང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ གཙང་ཆུ་དེ་ནང་ལས་ བྱེམ་བཙོང་ཆོག་པའི་ གྲོས་ཐག་བཅད་ཡོདཔ་ཨིན་པས།

དགེ་ལེགས་ཕུག་རྒེད་འོག་གི་ རྒཔོ་ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ བྱེམ་བཏོན་ཏེ་ བཙོང་མི་དེ་གིས་ དེ་ཁར་སྡོད་མི་ཚུ་ལུ་ ཕན་ཐོགས་འོང་ཟེར་ཨིནམ་ད་ ཁག་འབགཔ་༣ གྱིས་ ལཱ་ཚུ་འབད་དོ་ཡོདཔ་བཞིན་དུ་ སྒེར་གྱི་ས་ཆ་ཚུ་ འཕྱགས་བདའ་དོ་ཡོད་མི་ མའོ་རོང་ཆུ་ལུ་ ཆུ་ལམ་བསལ་ནིའི་ལཱ་ཚུ་ ཧ་ལམ་ མཇུག་བསྡུ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གི་ བྱཱ་ཞིང་ཨེ་ཀར་༤༨ དེ་ཅིག་ མའོ་རོང་ཆུ་གིས་ འཕྱགས་བདའ་ཡི་ཟེར་ཨིནམ་ད་ མའོ་རོང་ཆུའི་ཤུལ་ལས་ བསྟན་སྲུང་དམག་སྡེའི་ ཉེ་འདབས་ལུ་ཡོད་མི་ དོ་ཏི་རོང་ཆུ་ལུ་ ཆུ་ལམ་བསལ་ནི་ཨིནམ་བཞིན་དུ་ དེ་གི་ཤུལ་ལས་ དའུ་ལ་རོང་ཆུ་དང་ ཤེ་ཏི་ཁ་རི་ལུ་ བསལ་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཆུ་ལམ་བསལ་མི་དེ་གིས་ རོང་ཆུ་ཚུ་ ཕྱོགས་ཅིག་ལུ་ འགྱོ་ཚུགས་ནི་ཨིནམ་མ་ཚད་ འདས་པའི་ ལོ་ཚུ་ནང་བཟུམ་སྦེ་མེན་པར་ གཡུས་སྒོ་ཚུ་ནང་ ཆུ་རུད་སྔོན་འགོག་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *