དགེ་ལེགས་ཕུག་ལུང་ཕྱོགས་ནང་ སྣུམ་འཁོར་ཚུ་ལུ་ ཞིབ་དཔྱད་དམ་དམ་འབད་དོ་ཡོདཔ།

སྣུམ་འཁོར་གྱི་ བརྡ་སྟོན་ལམ་ལུགས་ཚུ་ སྒྲིང་སྒྲི་བཟོ་ཐབས་ལུ་ སྣུམ་འཁོར་ཚུ་ ཞིབ་དཔྱད་འབད་ནིའི་དོན་ལས་ འདས་པའི་བདུན་ཕྲག་ནང་ དགེ་ལེགས་ཕུག་ལུང་ཕྱོགས་ཀྱི་ རྫོང་ཁག་༦ གི་ འགོ་དཔོན་ཚུ་བསྡོམས་ཏེ་ སྡེ་ཚན་ཅིག་ བཟོ་ཡོདཔ་ཨིན་པས།

སྡེ་ཚན་དེ་གིས་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཤུགས་ཚད་ བརྟག་དཔྱད་ཀྱི་ ཅ་ཆས་དང་ ཆང་འཐུང་ཡོད་མེད་ཀྱི་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ནུག།

དགེ་ལེགས་ཕུག་ལུང་ཕྱོགས་ཀྱི་ སྐྱེལ་འདྲེན་གཙོ་འཛིན་འགོ་དཔོན་འོགམ་ བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ལུང་ཕྱོགས་ཡིག་ཚང་ནང་ མི་སྟོབས་ཀྱི་ དཀའ་ངལ་ཡོད་མི་ལུ་བརྟེན་ གཞུལ་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ ཞིབ་དཔྱད་འབད་རུང་ བརྡ་སྟོན་ལམ་ལུགས་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མི་ཚུགས་དོ་ཡོདཔ་ལས་ སྣུམ་འཁོར་གྱི་ ཐུག་རྐྱེན་ཚུ་ མང་ཤོས་ར་ གཞུང་ལམ་བདའ་སྟེ་བྱུངམ་ད་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།

དེ་འབདཝ་ལས་ ལུང་ཕྱོགས་ཀྱི་ སྡེ་ཚན་དེ་ གཞི་བཙུགས་འབད་ཡོདཔ་ད་ འཐུས་མི་༥ ལྷགཔ་ཅིག་ཡོད་མི་ སྡེ་ཚན་དེ་གིས་ རྫོང་ཁག་རེ་ནང་ ཉིན་གྲངས་༢ དེ་རེ་ སྡོད་ཐོག་ལས་ གཞུང་ལམ་དང་ རྒེད་འོག་ལྟེ་བ་ཚུ་ནང་ སྣུམ་འཁོར་ཚུ་ ཞིབ་དཔྱད་འབད་ནི་ཨིན་པས།

འདས་པའི་ཉིནམ་༢ ཀྱི་ ནང་འཁོད་ནང་ ལུང་ཕྱོགས་སྣུམ་འཁོར་ཞིབ་དཔྱད་སྡེ་ཚན་གྱིས་ དགེ་ལེགས་ཕུག་དང་ རྩི་རང་ལུ་ སྣུམ་འཁོར་གྱི་ བརྡ་སྟོན་དང་འབྲེལ་བའི་ ཁྲིམས་འགལ་འབད་མི་ཚུ་ལས་ ཉེས་ཆད་ དངུལ་ཀྲམ་༡༤,༧༥༠ དེ་ཅིག་ བསྡུ་ལེན་འབད་ཡོད་མི་ལས་ མང་ཤོས་ར་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་ཚུ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྡེ་ཚན་གྱིས་ སྣུམ་འཁོར་བཏང་མི་ཚུ་ལས་ ཉེས་ཆད་བཀལ་ནི་ རྐྱངམ་གཅིག་མེན་པར་ ཉེན་སྲུང་གི་སྐོར་ལས་ཡང་ དེད་གཡོགཔ་ཚུ་ལུ་ གོ་བརྡ་སྤྲོད་དོ་ཟེར་ཨིནམ་ད་ སྡེ་ཚན་དེ་གིས་ སྤྱིར་བཏང་སྣུམ་འཁོར་གྱི་ གནས་སྟངས་ཚུ་ཡང་ བརྟག་ཞིབ་འབད་དོ་ཡོདཔ་ཨིན་པས།

སྡེ་ཚན་དེ་གིས་ ཁ་ཙ་ རྩི་རང་སྟོད་དང་ ཕུན་བརྟན་ཆུ་ གསེར་གྱི་ཐང་ དེ་ལས་ སེམས་ལྗོངས་ཀྱི་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ནང་ རྒྱུན་འགྲུལ་འཐབ་མི་ སྣུས་འཁོར་ཚུ་ ཞིབ་དཔྱད་རྐྱབ་ནུག།

སྡེ་ཚན་གྱིས་ འཕྲལ་མགྱོགས་ར་ གཞལམ་སྒང་དང་ ཀྲོང་གསར་ དེ་ལས་ བུམ་ཐང་གི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ལུ་ ཞིབ་དཔྱད་རྐྱབ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *