ནམ་མཁའ་གླིང་ལུ་ ཆུ་རུད་ཐོན་སའི་ ས་གོ་ཚུ་ནང་ ལྕགས་ཀྱི་དྲྭ་མིག་ནང་རྡོ་བཙུགས་ཏེ་ ཆུ་བྱག་རྐྱབ་མི་ཚུ་ མེདཔ་ཐལ་མ་ཚད་ ཆུ་བྱག་ལ་ལོ་ བྱེམ་དང་རག་རོ་ཚུ་གི་འོག་ལུ་ ཚུད་དེ་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས།

༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ ཉེ་འདབས་ལུ་ སྡོད་མི་ཚུ་ ཚ་གྱང་ལང་སྟེ་ཡོད་མི་དེ་ཡང་ ཤུལ་མའི་ཆར་ཆུའི་ དུས་ཚོད་ནང་ ཆུ་རུད་ཀྱིས་ མི་སྡེ་ལུ་ གནོད་སྐྱོན་རྐྱབ་ཉེན་ཡོད་མི་ལུ་བརྟེན་ཨིན་པས།
ནམ་མཁའ་གླིང་ལུ་ ཨའི་པོ་ལི་རོང་ཆུའི་མཐའ་མར་ ཁྱིམ་གུང་༡༠༠ ལྷགཔ་ཅིག་ཡོད་པའི་ མི་སེར་ཚུ་ གནམ་བྱཱར་གྱི་སྐབས་ ཞག་ཡང་མ་ཉལ་བར་ སྡོད་དོ་ཡོདཔ་ལས་ གནམ་དགུན་ལུ་ ཁྲོམ་སྡེ་གིས་ ཁོང་ལུ་ ཆུ་རུད་ཀྱི་ གནོད་ཉེན་མར་ཕབ་ཀྱི་ ཉེན་སྐྱོབ་ཐབས་ལམ་ཚུ་ བཏོན་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ཟླཝ་འདི་གི་ སྔ་ཆ་ལུ་ ཁྲོམ་སྡེ་ཚོགས་འདུ་འཚོགས་པའི་སྐབས་ ནམ་མཁའ་གླིང་གི་ མི་སེར་ཚུ་གིས་ ཁྲོམ་སྡེ་ལུ་ ཆུ་རུད་འཐོན་སའི་ ས་ཁོངས་ཚུ་ནང་ གཏན་འཇགས་ཀྱི་ ཆུ་བྱག་རྐྱབ་དགོ་པའི་ ཞུ་བ་འབད་ནུག།
ཁྲོམ་སྡེ་གིས་ ཆུ་རུད་ལས་ ཉེན་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་ནིའི་ འཆར་དངུལ་ལངམ་མེདཔ་ལས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་ནང་ གྲོས་གཞི་བཙུགས་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ནམ་མཁའ་གླིང་ལས་ ཅཱན་ད་ར་ཧོ་མ་གེན་གྱིས་ སླབ་མིའི་ནང་ ལྕགས་ཀྱི་དྲྭ་མིག་ལག་ལེན་ཐོག་ རིང་ཚད་མི་ཊར་༢༠༠ འབད་མི་ ཆུ་བྱག་རྐྱབ་ཡོད་མི་དེ་ གནས་སྟངས་ལེགས་ཤོམ་མེད་པའི་ཁར་ མདང་ཞག་གནམ་བྱཱར་གྱི་ ཆར་ཆུའི་སྐབས་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ རྡོ་དང་ཤིང་རག་རོ་ཚུ་གི་འོག་ལུ་ ཚུད་ཡོད་ཟེར་ཨིན་པས།
ཆར་ཆུའི་དུས་ཚོད་མཇུག་བསྡུ་རན་ཁར་ གྱང་རྩིག་དེ་ རམ་ཡར་སོཔ་ལས་ ཉེ་འདབས་ལུ་ སྡོད་མི་ཚུ་ ཚ་གྱང་ལང་ཡོད་མི་དེ་ཡང་ ཆརཔ་རྐྱབ་ཅིག་ ཆུ་རུད་ཐོན་མི་ལུ་བརྟེན་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་རེས་ ཨའི་པོ་ལི་རོང་ཆུ་དེ་ སྐམ་ཡོདཔ་ལས་ རྡོ་དང་བྱེམ་ དེ་ལས་ རག་རོ་ཚུ་གིས་ ལྕགས་ཀྱི་དྲྭ་མིག་ནང་རྡོ་བཙུགས་ཏེ་ ཆུ་བྱག་རྐྱབ་མི་ཚུ་ ས་འོག་ལུ་ ཨེབས་བཞག་ཡོདཔ་ཨིན་པས།
ཅཱན་ད་ར་ཧོ་མ་གེན་གྱིས་འབད་བ་ཅིན་ གནམ་དགུན་ལུ་ དཀའ་ངལ་མེད་རུང་ གནམ་བྱཱར་ལུ་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ ཆུའི་གཤམ་ལས་ རྡོ་དང་བྱེམ་ཚུ་ འཕྲལ་འཕྲལ་ར་བཏོན་ཏེ་ བསལ་ནི་ཡོད་རུང་ ཕན་ཐོགས་དེམ་ཅིག་མེདཔ་ལས་ མི་སྡེའི་ཚེ་སྲོག་དང་ རོང་ཆུའི་སྦོ་ལོགས་ཁར་ མི་མང་རྟེན་གཞི་ཚུ་ ཉེན་སྐྱོབ་འབད་ནིའི་དོན་ལུ་ གཏན་འཇགས་ཀྱི་ ཐབས་ལམ་བཏོན་དགོ་པའི་ དུས་ཚོད་རན་ཡོད་ཟེར་ བཤདཔ་ཨིན་པས།
ནམ་མཁའ་གླིང་གི་ མི་ཚུ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་འགོ་མ་བཙུགས་པའི་ཧེ་མ་ ཆུ་རུད་ལས་ ཉེན་སྐྱོབ་འབད་ནིའི་ ཐབས་ལམ་ཚུ་ མ་སྒྲིག་པ་ཅིན་ ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་ནིའི་དོན་ལས་ ཉལ་ཁྲི་༢༠༠ འབད་མི་ ཟུར་བཞག་ཁང་རྐྱབ་ཡོད་མི་དང་ འཕྲལ་ཁམས་ཅིག་ཁར་ ཆུ་མཛོད་རྒྱ་སྐྱེད་འབད་མི་ཚུ་ལུ་ཡང་ གནོད་སྐྱོན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ད་རུང་ རྒེད་ལེགས་ཕུག་རྒེད་འོག་ བདེ་ཆེན་དཔལ་རི་ས་ཁོངས་ལས་ ཆརཔ་རྐྱབ་ད་ ས་ཐོག་ལས་ ཆུ་ཐོན་མི་དེ་ དགེ་ལེགས་ཕུག་གནམ་གྲུ་ཐང་གི་ ཉེ་འདབས་ལུ་ འཁྱིལ་བའི་ཤུལ་ལུ་ ཨའི་པོ་ལི་རོང་ཆུ་ནང་ འབབ་དོ་ཡོདཔ་ད་ རོང་ཆུ་དེ་ ནམ་མཁའ་གླིང་ལས་མར་ ས་མཚམས་སྒོ་ར་བརྒྱུད་དེ་ རྒྱ་གར་ཨ་སམ་གྱི་ རྒྱ་ཐང་ནང་ འབབ་ཨིན་པས།
ཅཱན་ད་ར་ཧོ་མ་གེན་གྱིས་ སླབ་མིའི་ནང་ དཔལ་རི་ཐང་ཁ་སྟོད་ལས་ བསམ་གཏན་གླིང་རྒེད་འོག་གི་ ཨའི་པོ་ལི་རོང་ཆུ་སྦོམ་ཚུན་ཚོད་ ཆུ་གཡུར་རྙིངམ་ཡོད་མི་དེ་ ཉམས་བཅོས་འབད་བ་ཅིན་ ཆརཔ་གི་ཆུ་དེ་ རོང་ཆུ་སྦོམ་ནང་ ཁ་བསྒྱུར་གཏང་ཚུགས་ནི་དང་ དགེ་ལེགས་ཕུག་ཁྲོམ་ཁར་ ཆུ་རུད་ཀྱི་ ཉེན་ཁ་ཡང་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
བསོད་ནམས་དགའ་ཚལ་དང་ འཇམ་དཔལ་གླིང་ རབ་སྡེ་གླིང་ལས་ ཁྲོམ་སྡེའི་འཐུས་མི་ཚུ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་འཚོགས་མི་ ཁྲོམ་སྡེ་ཚོགས་འདུ་ནང་ འདེམས་ཁོངས་སོ་སོའི་ ཆརཔ་གི་ཆུ་ལམ་དང་ བཙོག་དུང་ཚུ་ ཆར་ཆུའི་དུས་ཚོད་ འགོ་མ་བཙུགསཔ་ལས་ ལེགས་བཅོས་འབད་དགོཔ་ཡོད་པའི་སྐོར་ གྲོས་གཞི་ཚུ་ བཙུགས་ཡོད་རུང་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་ལུ་ ཕར་འཕུད་རྐྱབ་ཡོདཔ་བཞིན་དུ་ བསྐྱར་ཞིབ་དེ་ སང་ཕོད་སྤྱི་ཟླ་༡ པའི་ནང་ འབད་ནི་ཨིན་པས།
དགེ་ལེགས་ཕུག་ཁྲོམ་དཔོན་ ཚོ་རིང་ནོར་བུ་གིས་ སླབ་མིའི་ནང་ འདེམས་ཁོངས་ཚུ་ནང་ ཆུ་བྱག་རྐྱབ་ནི་དང་ ཆརཔ་གི་ཆུ་ལམ་དང་ བཙོག་ཡུར་ལེགས་བཅོས་འབད་ནི་ཚུ་ འཆར་གཞི་ནང་མེད་པའི་ གློ་བུར་གྱི་ ལས་སྣ་སྦེ་ འཕྲལ་ཁམས་འཚོགས་མི་ ཁྲོམ་སྡེ་ཚོགས་འདུ་ནང་ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།
ཨིན་རུང་ ལས་སྣ་དེ་ཚུ་ལུ་ འཆར་དངུལ་བགོ་བཀྲམ་འབད་དེ་མེདཔ་ལས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་ནང་ བཙུགས་ནི་སྦེ་ བཞག་ཡོདཔ་བཞིན་དུ་ དེ་བསྒང་ འཆར་དངུལ་ཕར་ཚུར་ལས་ བདེ་སྒྲིག་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ཆར་ཆུ་མེད་པའི་ དུས་ཚོད་ནང་ ཆུ་རུད་བཀག་ཐབས་ཀྱི་ ལཱ་ཚུ་ལུ་ གཙོ་བོར་བཏོན་དགོཔ་ ཡོད་མི་དེ་ལུ་ ཁྲོམ་སྡེའི་ཁ་ཐུག་ལས་ ངོས་ལེན་འབདཝ་ཨིན་རུང་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ འཆར་དངུལ་གྱི་ གྲོས་འཆར་བཙུགས་མི་ལས་ བརྒྱ་ཆ་༤༠ ལས་ཉུངམ་སྦེ་ཐོབ་ཅི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ཡང་ གསར་སྒྲུབ་མ་དངུལ་ས་ཡ་༤༢༥ ལྷགཔ་ཅིག་གི་ གྲོས་འཆར་བཙུགས་མི་ལས་ གཞུང་གིས་ རྩིས་ལོ་༢༠༢༡-༢༠༢༢ ནང་ དངུལ་ཀྲམ་ས་ཡ་༡༨༤ རྐྱངམ་གཅིག་ གནང་བ་གྲུབ་ཡོདཔ་ད་ རྒྱུན་སྐྱོང་ཟད་འགྲོའི་དོན་ལུ་ འཆར་དངུལ་ས་ཡ་༡༧༧ གྲོས་འཆར་བཙུགས་མི་ལས་ དངུལ་ཀྲམ་ས་ཡ་༡༣༤ ཆ་འཇོག་གྲུབ་ནུག།
ཁྲོམ་དཔོན་གྱིས་འབད་བ་ཅིན་ ནད་ཡམས་ཀྱི་ གནས་སྟངས་ལུ་བརྟེན་ ཁྲོམ་སྡེའི་ཁ་ཐུག་ལས་ འཆར་དངུལ་གྱི་ གྲོས་འཆར་བཙུགས་མི་དང་འཁྲིལ་ གནང་དགོ་པའི་ ཨུ་ཚུགས་བསྐྱེད་མ་ཚུགས་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *