༉ ཁ་ཙ་ཉིན་མ་ཁམས་ཅིག་ཁ་ལས དགེ་ལེགས་ཕུག་ལུ་ ཆརཔ་ཆད་ཡོདཔ་མ་ཚད་ ས་མཚམས་ཞིབ་དཔྱད་སྒོ་རའི་ ས་ཁོངས་ནང་ ཆུ་རུད་ཐོན་ཡོད་མི་ཚུ་ཡང་ འགྲོས་ཀྱིས་སྦེ་ ཆུང་ཀུ་སོང་སྟེ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༧ ལུ་ ཆུ་རུད་ཐོན་མི་དེ་གིས་ མི་དང་རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་ག་ནི་ཡང་ མ་རྐྱབ་པའི་ཁར་ མི་ཚུ་ ས་གནས་དེ་ཁ་ལས་ ཉེན་སྲུང་གི་ ས་ཁོངས་ནང་ སྤོ་བཤུད་འབད་དགོཔ་ མ་ཐོན་ཟེར་ཨིན་པས།
ཆར་ཆུ་ལུ་བརྟེན་ཏེ་ ཆུ་རུད་མི་འཐོན་ནིའི་དོན་ལུ་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ ས་གནས་ནང་ ཆུ་གཡུར་སེལ་མི་ ལས་བྱེདཔ་ཚུ་ བཙུགས་ཏེ་ཡོདཔ་ད་ ཆར་ཆུ་གིས་ འཕྱགས་བདའ་འོང་མི་ རག་རོ་ཚུ་ ཆུ་གཡུར་ནང་ལས་ བཏོན་བཀོ་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་གནས་ དའུ་ལ་ཆུ་བྲེས་མི་དེ་གིས་ ས་གནས་ཀྱི་ ལམ་འགྲུལཔ་མང་ཤོས་ཅིག་ ཁ་ཙ་དྲོ་པ་ལས་ འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༥ དེ་ཅིག་གི་རིང་ བསྒུགས་སྡོད་དགོཔ་ ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་ཁར་ ས་རུད་ཆད་དེ་ གཞུང་ལམ་བཀག་མི་དེ་གིས་ ཁ་ཙ་ཉིན་མ་ཚུན་ཚོད་ སྣུམ་འཁོར་ཚུ་ ཐོགས་ལུས་ཡོདཔ་ལས་ ཁ་ཙ་ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་རྐྱངམ་གཅིག་ བཏང་ཚུགས་ཅི་ཟེར་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ ཀི་ཤོར་ཆེ་ཏི་རི་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ བོགསི་ཀཊིང་གི་ གནས་སྟངས་དེ་ སྐྱོ་དྲགས་ཐལ་ཏེ་ཡོདཔ་ད་ ས་གནས་དེ་ནང་ ཆརཔ་རྐྱབ་ཅིག་ ལམ་སེལ་ལས་ཁུངས་ཀྱིས་ ག་དེམ་ཅིག་ར་ ལམ་སེལ་རུང་ ས་རུད་ཚུ་ རྒྱུན་མ་ཆད་པར་ ཆད་འོངམ་མས་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ འབད་བ་ཅིན་ དུས་ཅི་ ལམ་མང་ཤོས་ར་ བོགསི་ཀཊིང་ནང་ར་ ཆད་དོ་ཡོདཔ་ལས་ ལམ་སེལ་ལས་ཁུངས་ཀྱི་ ལས་བྱེདཔ་དང་ འཕྲུལ་ཆས་ཚུ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ས་གནས་ནང་ར་ བཞག་དོ་ཡོདཔ་ལས་ ལམ་འགྲུལཔ་ཚུ་གིས་འབད་རུང་ ཁོང་རའི་ ཉེན་སྲུང་གི་དོན་ལུ་ གནམ་སྲོཝ་ད་ ས་གནས་དེ་ཁ་ལས་ ལམ་འགྲུལ་འབད་ནི་དེ་ འཛེམ་དགོཔ་འདུག་ཟེར་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།