གསེར་ཤོང་རྒེད་འོག་ལས་ གླངམོ་ཆེ་བཏོན་བདའ་མིའི་ ནགས་ཚལ་ལས་བྱེདཔ་དང་ གཡུས་མི་ཚུ།

དགེ་ལེགས་ཕུག་ལུ་ གླངམོ་ཆེ་༣༢ ཐོ་བཀོད་འབད་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༢༧ ལུ་ གསར་སྤང་ གསེར་ཤོང་རྒེད་འོག་ནང་ གླངམོ་ཆེ་༧ འབད་མི་ ཁྱུ་གཅིག་འོང་ཡོདཔ་ལས་ གླངམོ་ཆེ་ཁྱུ་དེ་ བདའ་ནིའི་དོན་ལུ་ ནགས་ཚལ་འགོ་དཔོན་༡༢ དང་ སོ་ནམ་ཞིང་པ་༨ ཀྱིས་ དུས་ཡུན་ཆུ་ཚོད་༨ འགོར་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ ནགས་ཚལ་གླིང་སྐྱོང་འགོ་དཔོན་ སེང་གེ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོང་གིས་ གླངམོ་ཆེ་ཚུ་ ཨུམ་གླིང་རྒེད་འོག་གི་ ལྟག་ལས་ཡར་ ནགས་ཚལ་ནང་ བདའ་གཏང་ཡི་ཟེར་ཨིནམ་ད་ གླངམོ་ཆེ་༧ ཡོད་ས་ལས་༣ ཕྱུག་གུ་དང་༤ གླངམོ་ཆེ་སྦོམ་ཚུ་ཨིན་མས་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ དགེ་ལེགས་ཕུག་ དཔལ་རི་ཐང་རྒེད་འོག་གི་ མི་སེར་ཚུ་གིས་ ནུབ་མོ་ཆུ་ཚོད་༡༠ ལས་འགོ་བཙུགས་ དྲོ་པའི་ཆུ་ཚོད་༤ ཚུན་ བྱི་སི་རྐྱབ་ བང་རྔ་བརྡུངས་ གས་རྫས་ལ་སོགས་པ་ཚུ་ བཀལ་ཐོག་ལས་ གླངམོ་ཆེ་བདའ་སྟེ་ སྡོད་ཡོདཔ་ཨིན་པས།
སེང་གེ་དབང་ཕྱུག་གིས་ འབད་བ་ཅིན་ དགེ་ལེགས་ཕུག་ལུ་ ཡོངས་བསྡོམས་ གླངམོ་ཆེ་༣༢ ཡོད་ས་ལས་ དཔལ་རི་ཐང་རྒེད་འོག་ནང་༨ འཛོམས་གླིང་ཐང་ལུ་༣ བདེ་ཆེན་དཔལ་རི་ལུ་༦ གནམ་གྲུ་ཐང་ལུ་༨ ཆུ་གཟར་སྒང་ལུ་༦ དེ་ལས་ གསེར་ཤོང་རྒེད་འོང་ནང་༡ འོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་གི་ ས་གནས་ནང་ གླངམོ་ཆེ་འོང་སྟེ་ ལོ་ཐོག་ལུ་ གནོདཔ་བཀལ་ནི་དེ་ འདས་པའི་ལོ་དག་པ་ཅིག་གི་རིང་ལུ་ ཁྱབ་ཆེ་སུ་སོང་ཡོདཔ་ད་ དགེ་ལེགས་ཕུག་གི་ ལོ་ཐོག་ཚུ་ག་ར་ བསྡུ་ཚར་བའི་བསྒང་ལས་ སྤྱི་ཟླ་༡༢ པ་རྫོགས་ཁམས་གཅིག་ཁར་ ཕིབ་སུ་སེམས་ཅན་ཉེན་སྲུང་ས་ཁོངས་ནང་ འགྱོ་འོང་ཟེར་བའི་ རེ་བ་བསྐྱེད་དེ་འདུག་ཟེར་ཨིན་པས།
གླངམོ་ཆེ་ཚུ་ ས་གནས་ནང་ལས་ བདའ་གཏང་ནིའི་དོན་ལུ་ ཐབས་ལམ་སྣ་ཚོགས་བཏོན་ཡོདཔ་མ་ཚད་ འདས་པའི་ཟླཝ་༣ གྱི་རིང་ལུ་ ནགས་ཚལ་འགོ་དཔོན་སྡེ་ཚན་གཅིག་གིས་ ཉིན་ནུབ་མེད་པར་ གླངམོ་ཆེ་འོང་སའི་ས་གནས་ཚུ་ ཉེན་སྲུང་གི་ལྟ་སྐོར་འབད་དེ་ སྡོད་ཅི་ཟེར་ཨིན་པས།
སེང་གེ་དབང་ཕྱུག་གིས་ འབད་བ་ཅིན་ ད་རེས་ནངས་པར་ ལོ་ཐོག་བསྡུ་བའི་ དུས་ཚོད་གཙོ་བོ་ཅིག་ འབད་ནི་དེ་གིས་ གླངམོ་ཆེ་ཚུ་གིས་ ལོ་ཐོག་ལུ་ གནོདཔ་སྦོམ་སྦེ་ར་ བཀལ་དོ་ཡོདཔ་ལས་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ལུ་ ལོ་ཐོག་མེདཔ་བཏང་མིའི་སྐོར་ལས་ སྙན་ཞུ་མང་རབས་ཅིག་ ཕུལ་ཏེ་ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ དགེ་ལེགས་ཕུག་ལུ་ གླངམོ་ཆེ་༤༦ འབད་མི་ཁྱུ་ཅིག་ ཕར་ཚུར་འགྱོ་སྟེ་ཡོད་པའི་ གློག་བརྙན་གསལ་སྟོན་འབད་མི་དེ་ མི་བདེན་ཟེར་ཨིན་མི་དེ་ཡང་ གནས་ཚུལ་སྙན་ཞུ་དང་འཁྲིལཝ་ད་ གླངམོ་ཆེ་ཁྱུ་སྦེ་མཐོང་མི་དེ་ འདས་པའི་ཟླཝ་གི་སྔ་ཆ་ལུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ ཐོན་ནུག་ཟེར་ཨིན་པའི་གནས་ཚུལ།

ནིར་མ་ལ་དང་ རྣམ་རྒྱལ་དབང་མོ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *