༉ སྐྱེས་ལོ་༤༠ ལང་མི་ ཏ་ར་གུ་རུང་དེ་ པདྨ་ཐང་ལུ་ གནས་སྤོ་སྟེ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་རིང་ ལོ་ཐོག་བགོ་མཐུན་ཟ་མི་སྦེ་ སྡོད་པའི་ཤུལ་ལུ་ ལོ་ཐོག་འཛུགས་སྐྱོང་འབད་ནི་ བཤོལ་བཞག་སྟེ་ ལཱ་གཞན་འཚོལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཨ་ལོ་༤ གི་ཨའི་ ཏ་ར་གུ་རུང་གིས་ འཕྲལ་ཁམས་ཅིག་ཁར་ ཁྲོམ་ཁར་ཚོང་ཁང་ཅིག་ནང་ ཚོང་བཙོང་མི་སྦེ་ ལཱ་ཅིག་ཐོབ་ཡོདཔ་ད་ མོ་གིས་འབད་བ་ཅིན་ ལཱ་གཡོག་ཐོབ་སྟེ་ བདུན་ཕྲག་༣ དེ་ཅིག་ ལང་ཡོདཔ་ཡོདཔ་བཞིན་དུ་ ཁོང་གིས་ མོ་ལུ་ དངུལ་ཕོགས་དངུལ་ཀྲམ་༦,༠༠༠ རེ་ བྱིན་ནིསྦེ་ སླབ་དེས་ཟེར་ཨིན་པས།
མོ་གིས་ སོ་ནམ་མེན་པའི་ ལཱ་གཞན་འཚོལ་དགོ་མི་དེ་ཡང་ ས་ཞིང་ཨེ་ཀར་༥ ནང་ ལོ་ཐོག་ག་ཅི་ར་བཏབ་རུང་ རི་དྭགས་སེམས་ཅན་ རི་བོང་དང་ རི་ཕག་ དེ་ལས་ གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་ཏེ་ ལོ་ཐོག་བསྡུ་མ་ཚུགས་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
ཏ་ར་གུ་རུང་གིས་འབད་བ་ཅིན་ རི་དྭགས་གླིངམོ་ཆེ་ཚུ་གིས་ འདས་པའི་ལོ་ངོ་༡ གི་རིང་ འཇིགས་སྣང་དང་ དཀའ་སྡུག་བྱིན་ཡོདཔ་མ་ཚད་ མིའི་ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
ས་གནས་དེ་ནང་ ཧེ་མ་ལས་ར་ སྡོད་མི་ཅིག་ཨིན་མི་ ཤི་བ་ལཱལ་དུ་ལཱལ་གྱིས་ སླབ་མིའི་ནང་ དང་ཕུ་འབད་བ་ཅིན་ ས་གནས་ཀྱི་མིང་དེ་ ཧ་ཏི་སར་ཟེར་ གླངམོ་ཆེ་འཁྱམས་སའི་ ས་ཁོངས་ཅིག་ཨིན་རུང་ ཁོ་གིས་ ན་ཧིང་ལས་རྐྱངམ་གཅིག་ གླངམོ་ཆེ་རེ་རེ་གཉིས་གཉིས་མཐོང་ཡི་ཟེར་ཨིནམ་ད་ ད་རེས་འབད་བའི་བསྒང་ལས་ གླངམོ་ཆེ་ཁྱུ་སྦེ་འོང་སྟེ་ ཁོང་རའི་ཞིང་ནང་འཛུལ་ཏེ་ ལོ་ཐོག་གི་རིགས་ཆ་མཉམ་ ཟཝ་མས་ཟེར་ཨིན་པས།
གཡུས་མི་རྒས་ཤོས་ཅིག་གིས་ སླབ་མིའི་ནང་ ཁོ་ར་ བཟའ་ཚང་གི་ཁྱིམ་ ཐོག་ཚད་གཅིག་འབད་མིའི་ནང་ ཞག་ཉལཝ་ད་ བཟའ་ཚང་ཚུ་ལུ་ ཉེན་སྲུང་འབྱུང་བཅུག་ཟེར་ སྨོན་ལམ་བཏབ་དོ་ཟེར་ཨིནམ་ད་ ཁོང་གི་ཁྱིམ་ནང་ ཨ་ལོ་ཆུང་ཀུ་ཡོདཔ་ལས་ གལ་སྲིད་ རི་དྭགས་གླངམོ་ཆེ་ཚུ་གིས་ ཁོང་གི་ཁྱིམ་ལུ་ གནོདཔ་བཀལ་བ་ཅིན་ ཉེན་ཁ་འོང་ནི་མས་ཟེར་ ཤི་བ་ལཱལ་དུ་ལཱལ་གྱིས་ བཤདཔ་ཨིན་པས།
ད་རུང་ གྲོང་མི་གཞན་ སྐྱེས་ལོ་༥༧ ལང་མི་ ར་དི་ཀ་གིས་ སླབ་མིའི་ནང་ མོ་རའི་བཟའ་ཚང་གིས་ ས་ཞིང་ཨེ་ཀར་༢ འབད་མིའི་ནང་ ལོ་ཐོག་བཏབ་ནི་བཞག་སྟེ་ ཁོང་ར་ འཚོ་བ་ སྒོ་ནོར་གྱི་ ཐོན་སྐྱེད་ལུ་ བརྟེན་ཏེ་སྡོད་དོ་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ ས་གནས་དེ་ཁར་ གླངམོ་ཆེ་༡༥ དེ་ཅིག་ཡོདཔ་ ངེས་བདེན་ཨིནམ་སྦེ་ བཤད་ཡོདཔ་ད་ རེ་ཚེ་སྐབས་ གླངམོ་ཆེ་ཚུ་ སྡེ་ཚན་སོ་སོར་ འགྱེས་ནི་ཡོད་རུང་ མང་ཤོས་ར་ གླངམོ་ཆེ་ཁྱུ་སྦེ་ ནང་འཁོད་གནམ་གྲུ་ཐང་དང་ ཁྲོམ་གྱི་སྦོ་ལོགས་ཁར་ཡོད་མི་ ཊིག་ཤིང་འཛུགས་སྐྱོང་འབད་སའི་བར་ན་ འཁྱམས་སྡོད་སར་ མཐོངམ་ཨིན་པས།
རི་དྭགས་གླངམོ་ཆེ་ཚུ་གིས་ སོ་ནམ་པ་ཚུ་གི་ ལོ་ཐོག་འབྱ་དང་ ངང་ལག་ དེ་ལས་ ཚོད་བསྲེ་ཚུ་ མེདཔ་བཏངམ་ཨིན་རུང་ མི་སེར་མང་ཤོས་ཀྱིས་ར་ གླངམོ་ཆེ་ལུ་ གུས་ཞབས་འབད་དོ་ཡོདཔ་ད་ ལྷོ་མཚམས་པའི་ མི་སྡེ་གིས་ གླངམ་ཆེ་ལུ་ ལྷ་ག་ནིཤི་དང་ ཤར་ཕྱོགས་ཀྱི་ མི་སེར་ཚུ་གིས་ མེ་མེ་སངས་རྒྱས་ཟེར་ ཞུ་དོ་ཡོདཔ་ལས་ ཚིག་ངན་སླབ་ནི་དང་ ཁ་གཏང་ནི་ལུ་ འདྲོགཔ་ཨིན་པས།
སོ་ནམ་པ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ གླངམོ་ཆེ་གིས་ ཁོང་རའི་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་སྐབས་དང་ ཁྱིམ་གྱི་རྩ་བར་འོངམ་ད་ ནགས་ཚལ་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ནི་རྐྱངམ་གཅིག་མ་གཏོགས་ འབད་ཐབས་གཞན་ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ མེ་མདའ་རྐྱབ་ད་རྐྱངམ་གཅིག་ གླངམོ་ཆེ་ཚུ་ ཁོང་ཁྲོ་ལང་སྟེ་ འགྱོ་ས་མཐོངམ་མས་ཟེར་ ཕུན་ཚོགས་ཀྱིས་ བཤད་པའི་ཁར་ གླངམོ་ཆེ་ཚུ་བདའ་བཏང་སྟེ་ ནགས་ཚལ་ལས་བྱེདཔ་ཚུ་ ལོག་འགྱོཝ་ད་ ཁོང་རའི་ ཚེ་སྲོག་ལུ་ ཉེན་ཁ་འདུག་ཟེར་ བཤདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ནགས་ཚལ་ལས་བྱེདཔ་ཚུ་གིས་ རི་དྭགས་སེམས་ཅན་བདའ་གཏང་ནི་ལུ་ སྤྲོ་བ་མི་བསྐྱེད་པས་ཟེར་་ཨིནམ་ད་ ནགས་ཚལ་ལས་བྱེདཔ་ཚུ་གིས་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ འབད་ཐབས་ཅིག་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གླངམོ་ཆེ་ཚུ་ བདའ་བཏང་སྟེ་འབད་རུང་ ལོག་སྟེ་འོང་དོ་ཡོདཔ་ལས་ ཁོང་གིས་ ཡིག་ཚང་ལྟེ་བ་ལུ་ སྙན་ཞུ་འབད་དེ་ཡོད་རུང་ ག་གིས་ཡང་ ཐབས་ཤེས་ཅིག་ བཏོན་ས་མ་མཐོང་ཟེར་ཨིནམ་ད་ ཁོང་ར་ ས་ཁོངས་ནང་ ལཱ་འབད་མི་ཨིནམ་ལས་ ཐག་བཅད་ནིའི་ དབང་ཚད་ག་ནི་ཡང་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།