༉ སྤྱི་ཟླ་༧ པའི་ཚེས་༥ འི་ནུབ་མོ་ དགེ་ལེགས་ཕུག་བུར་ལུ་ གླངམོ་ཆེ་༧ གྱིས་ གེ་ཟ་ཞིང་མེདཔ་བཏང་ཡོདཔ་མ་ཚད་ ཤིང་གི་ལྕངམ་འཛུགས་སྐྱོང་སའི་ ས་ཁོངས་ཅིག་ལུ་ཡང་ གནོདཔ་བཀལ་ཡོདཔ་ཨིན་པས།
འབྲུག་སྔོ་ལྗང་ལྕངམ་འཛུགས་སྐྱོང་ཁང་གི་ཇོ་བདག་ བིར་བྷ་དུར་ གུ་རུང་གིས་ སླབ་མིའི་ནང་ གླངམོ་ཆེ་ཚུ་གིས་ དྲོ་པའི་ཆུ་ཚོད་༡ དང་སྐར་མ་༣༠ དེ་ཅིག་ཁར་ འཛུགས་སྐྱོང་ས་ཁོངས་ནང་འཛུལ་ཏེ་ ལྕང་སོན་འཛུགས་སྐྱོང་འབད་མིའི་ རཝ་དང་ ཡོང་ཀ་ཀེ་ཇི་༢༠༠ དེ་ཅིག་ དེ་ལས་ རྒྱ་ནག་ཀོང་ཙེ་དང་ གུ་ལིའི་ལྕང་སོན་༡༠༠ དེ་ཅིག་ མེདཔ་བཏང་ནུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འཛུགས་སྐྱོང་ས་ཁོངས་ནང་ གློག་ཐག་ཡོད་དེ་འབད་རུང་ ཞག་དག་པ་ཅིག་གི་ཧེ་མར་ གློག་སྐེམ་གྱིས་མེདཔ་བཏང་སྟེ་ ལོག་བཅོ་ཁ་རྐྱབ་མ་ཚུགས་པར་ བཞག་ཡི་ཟེར་ཨིནམ་ད་ གླངམོ་ཆེ་ཚུ་ བདའ་གཏང་མ་ཚུགས་པར་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
དེ་བཟུམ་མའི་ གནོདཔ་བཀལ་བའི་སྐབས་ མིའི་ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ གླངམོ་ཆེ་ཚུ་གིས་ འཛུགས་སྐྱོང་ཁང་མེདཔ་བཏང་བའི་ཤུལ་ལས་ བུར་ལུ་ཡོད་མི་ གེ་ཟ་ཞིང་ནང་འཛུལ་ཏེ་ སྣུམ་འཁོར་མ་རུ་ཊི་ཀཱར་ཅིག་ཡང་ མེདཔ་བཏང་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ གླངམོ་ཆེ་གིས་ གནོདཔ་བཀལ་མི་དེ་ ཐེངས་༣ པ་ཨིནམ་ད་ གླངམོ་ཆེ་སྡེ་ཚན་དེ་གིས་ འདས་པའི་ཟླཝ་ནང་ ཆུ་གཟར་སྒང་ལུ་ཡང་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ ནགས་ཚལ་གླིང་འཛིན་པ་ སེངྒེ་དབང་ཕྱུག་གིས་ བཤད་མིའི་ནང་ གླངམོ་ཆེ་སྡེ་ཚན་དེ་གིས་ དགེ་ལེགས་ཕུག་གི་ ས་ཁོངས་ཚུ་ནང་ གནོདཔ་བཀལ་ཏེ་ ཟླཝ་༡ དེ་ཅིག་འགྱོ་དོ་ཟེར་ཨིནམ་ད་ སྡེ་ཚན་དེ་གིས་ ཉིན་མ་དང་ཕྱི་རུ་ ཨ་རྟག་ར་ དགེ་ལེགས་ཕུག་དང་ དཔལ་རི་ཐང་གི་བར་ན་ཡོད་མི་ ཊིག་ཤིང་ཡོད་སའི་ ས་ཁོངས་ནང་ འཁྱམས་སྡོད་དོ་ཡོདཔ་ལས་ འགྲོ་འགྲུལ་འབད་མི་ཚུ་ལུ་ དྲནམ་བཏོན་དགོཔ་སྦེ་ སླབ་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གླངམོ་ཆེ་༧ ཡོད་མི་ལས་༢ ཕྱུག་གུ་ཨིནམ་ད་ སྡེ་ཚན་དེ་ ས་གནས་དེ་ཁར་ལས་ གཞན་ཁར་འགྱོ་མ་ཚུགས་པར་ འདུག་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ ནགས་ཚལ་ལས་བྱེདཔ་༦ དུས་རྒྱུན་དུ་ ལག་ཆ་ཚུ་ གྲ་སྒྲིག་འབག་སྟེ་ཡོད་པའི་ཁར་ ནུབ་མོ་གཡུས་བཤལ་རྐྱབ་དོ་ཟེར་ཨིན་པས།
ཨིན་རུང་ གནས་སྟངས་དེ་ ཉེན་ཁ་འདུག་ཟེར་ཨིནམ་ད་ གདོང་ལེན་དེ་བཟུམ་ནང་ གླངམོ་ཆེ་ཚུ་ བདའ་གཏང་ནི་དེ་ དྲག་དོ་ཡོད་རུང་ ནགས་ཚལ་འགོ་དཔོན་ཚུ་གིས་ བདའ་གཏང་ནིའི་དོན་ལུ་ གས་རྫས་ལག་ལེན་འཐབ་ད་ གླངམོ་ཆེ་ཚུ་གིས་ ཡ་འབད་མི་བཏུབ་པས་ཟེར་ཨིན་པས།
སེངྒེ་དབང་ཕྱུག་གིས་ སླབ་མིའི་ནང་ གླངམོ་ཆེའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་སོང་ནི་དེ་གིས་ གནོདཔ་བཀལ་མི་དེ་ཡང་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ གནོད་པ་དེ་ཡང་ སྤྱི་ཟླ་༩ པ་དང་༡༠ པའི་ནང་ ལོ་ཐོག་ཚུ་ འཚོ་བའི་དུས་ཚོད་ལུ་ མང་སུ་ཐོན་ནི་དེ་གིས་ དྲནམ་བཏོན་སྟེ་ སྡོད་དགོཔ་ཁག་ཆེ་ཟེར་བའི་གནས་ཚུལ།