དགེ་ལེགས་ཕུག་ནང་འཁོད་གནམ་གྲུ་ཐང་།

དགེ་ལེགས་ཕུག་ནང་འཁོད་གནམ་གྲུ་ཐང་བཟོ་སྐྲུན་ནང་ མི་༦ ལུ་ ཉེས་ཁ་བཀལ་ཡོདཔ།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༡-༡༢ ལུ་ དགེ་ལེགས་ཕུག་ནང་འཁོད་གནམ་གྲུ་ཐང་ བཟོ་སྐྲུན་དང་ ནང་གསུག་སྤྲོད་ལེན་དང་ གཡོ་སྒྱུ་ལག་ལེན་ དེ་ལས་ དངུལ་ཀྲམ་ས་ཡ་༤༢.༧༦༧ ལྷགཔ་ཅིག་གི་ ཁྲལ་ཟུར་ཐབས་འབད་བའི་ འབྲེལ་གནད་ནང་ མི་ངོ་༦ ལུ་ ཉེས་འཛུགས་འབད་ནུག།

ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དེ་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་ནི་གི་ འོས་འབབ་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ འདས་པའི་རེས་གཟའ་སྤེན་ལུ་ བཏང་ཡོདཔ་ཨིན་པས།

ཁ་ཉེས་ཕོག་མི་ དོགས་ཅན་ཚུ་གི་གྲངས་སུ་ ཞི་བའི་མཁའ་འགྲུལ་གྱི་ འཕྲུལ་རིག་འགོ་དཔོན་ཅིག་དང་ ཁག་འབགཔ་ཅིག་ རྩིས་འཛིན་གྱི་ གྲོས་སྟོན་པ་ཅིག་ ཕྱི་མི་ཅིག་ དེ་ལས་ ལས་བྱེདཔ་ཨམ་སྲུ་༢ ཚུད་ནུག།

ལྷན་ཚོགས་ཀྱིས་ གནམ་ཐང་བཟོ་སྐྲུན་འབད་མི་ བཀྲིས་ཀུན་འཛོམས་བཟོ་སྐྲུན་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ དར་མགོ་ཚེ་རིང་ལུ་ སྤྱི་གཡོགཔ་ལུ་ ནང་གསུག་སྤྲོད་པའི་ ཉེས་འཛུགས་༡ དང་ ལས་མིའི་གླ་ཆ་དང་ ལྕགས་ཀྱི་གོང་ཚད་ དངུལ་ཀྲམ་ས་ཡ་༤༦.༢༧༤ དེ་ཅིག་ ཡར་སེང་ཐོག་ ཁྲལ་འབབ་ལས་ ཟུར་ཐབས་འབད་བའི་ཉེས་འཛུགས་དང་ ཁོ་རའི་ལས་བྱེདཔ་༢ ལུ་ ལས་མིའི་ཐོ་དེབ་མ་ཡིག་རྫུས་བཟོའི་ ཁ་བཀོད་འབད་མི་ལུ་བརྟེན་ ལོག་འདྲེན་གྱི་ ཉེས་འཛུགས་ཁག་༢ བཀལ་ཡོད་པའི་ཁར་ ཚོང་སྡེ་གཞན་ཅིག་གི་ ཚོང་ཟོག་ཐོ་ཡིག་གཡོ་བཅོས་ཐོག་ སྔོན་བྱིན་མ་དངུལ་བརྒྱ་ཆ་༧༥ ཐོབ་བརྗོད་བཀོད་མི་ལུ་ མགུ་སྐོར་རྐྱབ་པའི་ ཁ་ཉེས་བཀལ་ནུག།

ཁྲལ་འབབ་ལས་ཟུར་ཐབས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཕྲུལ་རིག་འགོ་དཔོན་ མགོནམ་རྡོ་རྗེ་དང་ ཁག་འབགཔ་གི་བར་ན་ ནང་གསུག་སྤྲོད་ལེན་དང་ གཡོ་སྒྱུ་ལག་ལེན་གྱི་ ཁ་ཉེས་ལུ་ ཞིབ་དཔྱད་རྐྱབ་པའི་སྐབས་ བཀྲིས་ཀུན་འཛོམས་བཟོ་སྐྲུན་གྱིས་ སྤྱི་ལོ་༢༠༡༢ ལུ་ ཁྲལ་གྱི་རྩིས་ཁྲ་བཙུགས་པའི་སྐབས་ བཟོ་སྐྲུན་དང་འབྲེལ་བའི་ ཟད་རྩིས་ཚུ་ གཡོ་བཅོས་ཐོག་ ལས་འཛིན་གྱི་འོང་འབབ་ཁྲལ་ མ་སྤྲོད་པའི་ ངོས་འཛིན་བྱུང་ནུག།

དེ་ཡང་ ཁག་འབགཔ་གིས་ ཁྲལ་ཕོག་མིའི་ འོང་འབབ་མར་ཕབ་དང་ ཁྲལ་སྤྲོད་ནི་ལས་ ཟུར་ཐབས་ལུ་ འལས་མིའི་གླ་ཆ་དང་ ལྕགས་ཀྱི་ཟད་འགྲོ་ཚུ་ ཡར་སེང་རྐྱབ་ཡོད་མི་དེ་ཡང་ ཁྲལ་གྱི་རྩིས་ཁྲ་མ་བཙུགས་པའི་ཧེ་མར་ དར་མགོ་ཚེ་རིང་གིས་ ཁོ་གི་ལས་བྱེདཔ་ཚུ་ལུ་ ཉིན་བསྟར་ཐོ་དེབ་ནང་ ལས་མི་ཚུ་གི་ མིང་རྫུས་མ་བཀོད་ཐོག་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༡.༣༠༢ དང་ ལྕགས་རིགས་ཚུ་ནང་ དངུལ་ཀྲམ་ས་ཡ་༡༥.༩༥༧ ཟད་འགྲོ་གནས་ཡོདཔ་སྦེ་ བཟོ་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།

དེ་མ་ཚད་ བཟོ་སྐྲུན་ལས་སྡེ་གིས་ ཁྲལ་གྱི་རྩིས་ཁྲ་བཙུགས་ནིའི་དོན་ལུ་ ནང་འཁོད་རྩིས་འཛིན་གྱི་གྲོས་སྟོན་པ་ ལིའོ་གྲོས་སྟོན་ལས་སྡེ་ལུ་ ལས་སྡེའི་དངུལ་འབྲེལ་རྩིས་དཔྱད་ཚུ་ བསྡུ་སྒྲིག་འབད་བཅུག་ནུག་ཟེར་ སྙན་ཞུ་ནང་ བཀོད་པའི་ཁར་ ཟད་རྩིས་རྫུས་མ་བཟོ་སྟེ་ ཁྲལ་ཕོག་ལམ་ཡོད་པའི་ འོང་འབབ་དངུལ་ཀྲམ་ས་ཡ་༥༦.༧༣༢ ལུ་ མར་ཕབ་འབད་མི་ལུ་བརྟེན་ གཞུང་ལུ་ ཁྲལ་གྱི་འོང་འབབ་ དངུལ་ཀྲམ་ས་ཡ་༡༠.༠༩༩ སྐུ་གྱོང་ཕོག་ནུག་ཟེར་ཨིན་པས།

དེ་འབདཝ་ལས་ ཁག་འབགཔ་དེ་ འབྲུག་གི་འོང་འབབ་བཅའ་ཁྲིམས་༢༠༠༡ ཅན་མ་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་དེ་ དངུལ་ཀྲམ་ས་ཡ་༤༢.༧༦༧ ཉེས་ཆད་བརྒྱ་ཅ་༢༤ དང་བཅས་ རྒྱལ་ཁམས་ལུ་ སོར་ཆུད་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ད་ དར་མགོ་ཚེ་རིང་ལས་ ཁྲལ་ཟུར་ཐབས་འབད་བའི་ མ་དངུལ་འབོར་ཆེ་ཏོག་ཏོ་ སོར་ཆུད་འབད་དགོཔ་ལས་ ཁོ་དང་ཁོ་རའི་ གནས་ཚང་གི་ མིང་ཐོ་ཁར་ཡོད་མི་ རྒྱུ་དངོས་ཚུ་གི་ ཐོ་དང་སྦྲགས་ ཕུལ་ཡོད་མི་དེ་ཡང་ ཉེས་བཤེར་དབང་འཛིན་གྱིས་ ཁྲིམས་འདུན་ལུ་ ཞུ་ཐོག་ལས་ རྒྱུ་དངོས་ཚུ་ ཉོ་བཙོང་འཐབ་ནི་དང་ ཡང་ཅིན་ རྩ་ཕན་གསུམ་པའི་ མིང་ཐོ་ཁར་ སྤོ་སོར་འབད་ནི་ལས་ བཀག་ཆའི་བཀའ་རྒྱ་ཞུ་གནང་ཟེར་བཀོད་ནུག།

ད་རུང་ ལྷན་ཚོགས་ཀྱིས་ ལིའོ་གྲོས་སྟོན་པའི་ཇོ་བདག་ མོན་བྷ་དུར་མོང་གར་ལུ་ ལོག་འདྲེན་གྱི་ ཁ་ཉེས་བཀལ་མི་དེ་ཡང་ ཁོ་གིས་ ཁོ་རའི་ལས་གཡོགཔ་ ཀའུ་ཤི་ལ་བཱིསི་ཏ་ལུ་ སྤྱི་ལོ་༢༠༡༢ ལུ་ ཟླཝ་ལེ་ཤ་ཅིག་གི་དོན་ལས་ ལས་མིའི་ཐོ་དེབ་རྫུས་མ་བཟོ་བཅུུག་ཡོདཔ་ད་ ཀའུ་ཤི་ལ་བཱིསི་ཏ་ལུ་ ཡིག་ཆ་རྫུས་བཟོའི་ཁ་ཉེས་ཁག་༡༩ དང་ འབྲུག་བེན་ཅཱར་སྒེར་སྡེའི་ལས་བྱེདཔ་ ར་དི་ཀ་པར་དཱན་ལུ་ ལས་མིའི་ཐོ་དེབ་རྫུས་བཟོའི་ ཁ་ཉེས་༡ དེ་ལས་ འབྲུག་པའི་ཨམ་སྲུ་དང་ གཉེན་རྐྱབ་མི་ ཇའི་སྒང་ལས་ ས་མིར་ཤར་མ་གིས་ཡང་ སྤྱི་ལོ་༢༠༡༢ ཟླ་༡ པ་ལས་༦ པ་ཚུན་ ལས་མིའི་ཐོ་དེབ་རྫུས་མ་བཟོ་བའི་ ཉེས་འཛུགས་ཁག་༦ བཀལ་ནུག།

ནང་གསུག་དང་ མགུ་མཐུད་ཐོག་ གཡོ་སྒྱུ་ལག་ལེན།

སྤ་རོ་ཞི་བའི་མཁའ་འགྲུལ་དབང་འཛིན་གྱི་ བཀོད་ཁྱབ་འཕྲུལ་རིག་འོག་མ་ མགོནམ་རྡོ་རྗེ་གིས་ གནམ་གྲུ་ཐང་བཟོ་སྐྲུན་གྱི་ ཁག་འབག་ལཱ་ དངུལ་ཀྲམ་ས་ཡ་༡༩༢.༢༢༢ འཐོབ་ནིའི་དོན་ལུ་ ཁག་འབག་ཡིག་ཆ་གཡོ་བཅོས་འབད་ཐབས་ལུ་ དར་མགོ་ཚེ་རིང་ལས་ ནང་གསུག་དངུལ་ཀྲམ་ས་ཡ་༡.༥ ལེན་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མགོནམ་རྡོ་རྗེ་ལུ་ ནང་གསུག་ལེན་པའི་ ཉེས་འཛུགས་འབད་ནུག།

སྙན་ཞུ་ནང་ གནད་དོན་དེ་གི་སྐོར་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལས་ སྤྱི་ལོ་༢༠༡༣ ལུ་ ཉོགས་བཤད་ཅིག་ ལྷོད་ཡོདཔ་ཨིན་རུང་ སྔོན་འགྲོའི་བརྟག་ཞིབ་འབདཝ་ད་ གནད་དོན་དེ་ བདག་སྐྱོང་དང་འབྲེལ་བའི་ ཉོགས་བཤད་བཟུམ་སྦེ་ མཐོང་སྣང་བྱུང་སྟེ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ནི་ལུ་ ངོས་ལེན་མ་འབད་ཟེར་བཀོད་ནུག།

ཨིན་རུང་ སྤྱི་ལོ་༢༠༡༦ ཟླ་༨ པའི་ནང་ རྩིས་ཞིབ་དབང་འཛིན་གྱིས་ མཁོ་ཆས་བཀྲམ་སྤེལ་ནང་ གཡོ་སྒྱུ་ལག་ལེན་གྱི་ བརྡ་མཚོན་ཡོད་པའི་ བརྡ་དོན་ཐེབས་བཙུགས་ཐོག་ལས་ ལོག་སྟེ་ར་ ལྷན་ཚོགས་ལུ་ བཏང་ཡོད་པའི་ཁར་ ཁག་འབགཔ་གིས་ འཕྲུལ་རིག་འགོ་དཔོན་ལུ་ དངུལ་ཀྲམ་༨༠༠,༠༠༠ དང་༧༠༠,༠༠༠ འབདཝ་ད་ དངུལ་ཀྲམ་བསྡོམས་ས་ཡ་༡.༥ ནང་གསུག་སྦེ་ སྤྲོད་པའི་སྐོར་ ལྷན་ཚོགས་ལུ་ ཉོགས་བཤད་ཧེ་མ་ལས་ ལྷོད་ཅི་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ བསྐྱར་ཞིབ་མཐིལ་ཕྱིན་འབད་བའི་ཤུལ་ལུ་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ཞིབ་དཔྱད་ཧྲིལ་བུམ་རྐྱབ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༡ ཟླ་༦ པའི་ནང་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གིས་ མི་མང་རིན་བསྡུར་ཐོག་ལས་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་བཟོ་སྐྲུན་འབད་ནིའི་ ཁག་འབག་ལཱ་དེ་ བཀྲིས་ཀུན་འཛོམས་བཟོ་སྐྲུན་ལུ་ དངུལ་ཀྲམ་ས་ཡ་༡༩༢.༢༢༢ སྦེ་ སྤྲོད་ཡོདཔ་བཞིན་དུ་ ལཱ་དེ་ སྤྱི་ལོ་༢༠༡༢ ཟླ་༤ པའི་ནང་ མཇུག་བསྡུ་དགོཔ་བཞིན་དུ་ ལས་འགུལ་མཇུག་བསྡུཝ་ད་ བཟོ་སྐྲུན་གྱི་ ཟད་འགྲོ་དེ་ དངུལ་ཀྲམ་ས་ཡ་༢༧༡.༥༥༦ གུ་ ཡར་སེང་སོང་ནུག།

ས་ཁོངས་ཀྱི་ འཕྲུལ་རིག་འགོ་དཔོན་དང་ ལས་འགུལ་གྱི་ འགོ་འདྲེན་པ་ཨིན་མི་ མགོནམ་རྡོ་རྗེ་གིས་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་བཟོ་སྐྲུན་གྱི་དོན་ལུ་ སྔོན་རྩིས་གོང་ཚད་བཏོན་ཡོདཔ་ཨིན་པས།

ལྕགས་ཀྱི་རཝ་དང་འབྲེལ་བའི་རྩོད་རྙོགས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གནམ་ཐང་བཟོ་སྐྲུན་དང་ ལྕགས་ཀྱི་རཝ་དང་འབྲེལ་བའི་ ཟད་འགྲོ་ཡར་འཕར་སོང་མི་དང་ སྔོན་རྩིས་དང་ འཇལ་ཚད་ཚུ་ ཚུལ་མཐུན་མེད་པའི་ གནད་དོན་ལེ་ཤ་ བདའ་ཟུན་ཡོདཔ་མ་ཚད་ བརྒྱུད་འབྲེལ་ལྷན་ཁག་དང་ ཁག་འབགཔ་གི་བར་ན་ ཁྲིམས་དོན་དང་འབྲེལ་བའི་ སྟབས་མ་བདེཝ་ ཐོན་པའི་ཤུལ་ལས་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

ཁག་འབགཔ་དེ་གིས་ ལྕགས་ཀྱི་རཝ་ བསྒོར་མི་ནང་ལས་ར་ དངུལ་ཀྲམ་ས་ཡ་༢༢ ཁེ་སང་བཟོ་ནུག་ཟེར་ ལྷན་ཚོགས་ཀྱི་ སྙན་ཞུ་ནང་ བཀོད་ཡོདཔ་ད་ མ་གཞི་ མགོནམ་རྡོ་རྗེ་གིས་ རིན་བསྡུར་འབད་བའི་སྐབས་ ཁག་འབགཔ་ལུ་ སྔ་གོང་ལས་ བརྡ་དོན་སྤྲོད་པའི་ ར་ཁུངས་སྐྱེལ་མ་ཚུགས་རུང་ སྔོན་རྩིས་གོང་ཚད་བཏོན་པའི་སྐབས་ ལྕགས་ཀྱི་རཝ་གི་ གོང་ཚད་སྐོར་ ཤེས་རྟོགས་ཡོད་པའི་ སྒྲུབ་བྱེད་གསལ་སྟོན་བྱུང་ཡོད་མི་དེ་ཡང་ ལྕགས་ཀྱི་རཝ་ མི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༧༥ ལས་བརྒལ་ མ་གནསཔ་ཨིན་རུང་ ཁོ་གིས་ མི་ཊར་རེ་ལུ་ དངུལ་ཀྲམ་༤༥༠ ལུ་ ཡར་སུང་འབད་དེ་ གོང་ཚད་བཀོད་ནུག་ཟེར་ཨིན་པས།

ད་རུང་ ཞིབ་དཔྱད་རྐྱབ་ད་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ནང་ ལྕགས་ཀྱི་རཝ་ གོང་ཚད་ཡང་སེང་ཐོག་ མི་ཊར་རེ་ལུ་ རུ་པི་༢༠༠ རེ་སྦེ་ ཉོ་ནིའི་དོན་ལུ་ ཀཱོལ་ཀ་ཊ་ལུ་ཡོད་མི་ གོ་ལོ་བཱལ་ཊེ་ཌར་ཟེར་མིའི་ ཚོང་ཟོག་ཐོ་ཡིག་རྫུས་མ་བཙུགས་མི་ལུ་ མགོནམ་རྡོ་རྗེ་གིས་ ངོ་སྦྱོར་འབད་ཡོད་པའི་ མངོན་གསལ་བྱུང་ནུག།

ངོ་མ་འབད་བ་ཅིན་ ཁག་འབགཔ་དེ་གིས་ ལྕགས་ཀྱི་རཝ་ཚུ་ གོ་ལོ་བཱལ་ཚོང་འབྲེལ་ལས་མེན་པར་ ད་རུང་ ཀཱོལ་ཀ་ཊ་ལུ་ཡོད་མི་ ཤི་བཱ་འཕྲུལ་རིག་སྒེར་སྡེ་བཟོ་སྐྲུན་ལས་ མི་ཊར་རེ་ལུ་ རུ་པི་༥.༩༥ སྦེ་ ཉོ་ནུག་ཟེར་ཨིན་པས།

མགོནམ་རྡོ་རྗེ་གིས་ རྫུས་བཟོའི་ཚོང་ཟོག་ཐོ་ཡིག་ ངོ་སྦྱོར་འབད་མི་ལུ་བརྟེན་ ཁག་འབགཔ་དེ་གིས་ སྔོན་བྱིན་མ་དངུལ་ དངུལ་ཀྲམ་ས་ཡ་༦.༦༡༩ ཐོབ་བརྗོད་བཀོད་ཚུགས་ཡོདཔ་ད་ ངོ་མ་འབད་བ་ཅིན་ སྔོན་བྱིན་དངུལ་ཀྲམ་༡༩༦.༩༤༤ མ་གཏོགས་ མི་ཐོབ་པས་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *