དགེ་ལེགས་ཕུག་དྲུང་པ་བགྲེསཔ་ལུ་ བཙོན་ཁྲིམས་ལོ་༤༡ བཀལ་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ དགེ་ལེགས་ཕུག་གི་ དྲུང་པ་བགྲེསཔ་ པདྨ་དབང་འདུས་ལུ་ བཙོན་ཁྲིམས་ལོ་༤༡ བཀལ་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་འདུན་གྱིས་ དྲུང་པ་བགྲེསཔ་ལུ་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་དུམ་གྲ་ཅིག་འབད་དེ་ དངུལ་ཀྲམ་ས་ཡ་༡.༤༨༥ གི་ བཙན་ཁྲིམས་ལོ་ངོ་༣༣ ཕོག་མི་ལུ་ ཁྲིམས་འཐུས་བཏབ་ཆོགཔ་མ་ཚད་ བཙོན་ནང་ལོ་ངོ་༡༥ སྡོད་དགོ་མི་དེ་ཡང་ ལོ་༨ ལུ་ མར་ཕབ་འབད་ནུག།
དེ་ཡང་ པདྨ་དབང་འདུས་ལུ་ ཡིག་ཆ་རྫུས་མ་བཟོ་བའི་ ཉེས་འཛུགས་ཁག་༡༨ དང་ དབང་ཚད་ལོག་སྤྱོད་ཀྱི་ ཉེས་འཛུགས་ཁག་༡༨ དངུལ་ལྐོག་ཟ་འབད་བའི་ ཉེས་འཛུགས་ཁག་༤ ནང་གསུག་གི་ ཉེས་འཛུགས་༡ དང་ བརྡ་དོན་རྫུས་མ་བྱིན་པའི་ ཉེས་འཛུགས་ལ་སོགས་པ་འབད་ནུག།
རྩོད་བཤེར་གྱི་ ཉེས་འཛུགས་མང་ཤོས་ར་ དགེ་ལེགས་ཕུག་ལུ་ བློ་གསལ་གློག་བརྙན་ཁང་ འཛིན་སྐྱོང་དང་ མ་དངུལ་ལོག་སྤྱོད་འབད་མི་སྐོར་ལས་ བཀལ་ཡོད་མི་དེ་ཡང་ དྲུང་པ་བགྲེསཔ་གིས་ བརྡ་དོན་རྫུས་མ་དང་ ནང་གསུག་ ཡིག་ཚང་ལོག་སྤྱོད་དང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཁག་༡༧ དེ་ཅིག་ཡོདཔ་ཨིན་པས།
དྲུང་པ་བགྲེསཔ་གིས་ དངུལ་ཀྲམ་ས་ཡ་༦.༩༩༧ རྒྱལ་ཁམས་ལུ་ ལོག་བཏབ་དགོ་པའི་ཁར་ གློག་བརྙན་ཁང་ཉམས་བཅོས་དོན་ལུ་ ལག་ལེན་འཐབ་མི་ དངུལ་ཀྲམ་ས་ཡ་༦.༨༧༦ ཡང་ ལོག་བཏབ་དགོཔ་སྦེ་ ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་ནུག།
པདྨ་དབང་འདུས་ཀྱིས་ རྒྱ་གར་གྱི་ས་གནས་ སི་ཀིམ་ལས་ གློག་བརྙན་ཁང་དེ་གི་མ་དངུལ་ ལོག་ལེན་ཡོད་མི་དེ་ ཁོ་རའི་ལས་རོགསཔ་ བསོད་ནམས་ནོར་བུ་གིས་ ཡིག་ཆ་ཚུ་ རྫུས་མ་བཟོ་ཡོདཔ་སྦེ་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
ཀརྨ་པ་སྐུ་ཕྲེང་༡༦ གི་ཨིན་མི་ དངུལ་ཀྲམ་ས་ཡ་༡༠.༦༣ དངུལ་ཁང་ནང་ བཙུགས་བཞག་མི་དེ་ དྲུང་པ་བགྲེསཔ་གིས་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༦ པའི་ བདག་དབང་ནང་ཡོད་མི་ བློ་གསལ་གློག་བརྙན་ཁང་གི་ འཛིན་སྐྱོང་པ་ དྲི་བཟང་ཆོས་ཀ་གིས་ རྒྱ་གར་གྱི་རུ་པི་ ས་ཡ་༢.༩༥ དེ་ སྤྱི་ལོ་༢༠༠༤ ལུ་ ཨཱན་གེ་བུ་ཏི་ཟེར་མི་དང་མཉམ་གཅིག་ཁར་ཕྱེ་མི་ སི་ཀིམ་དངུལ་ཁང་གི་རྩིས་ཁྲ་ནང་ བཙུགས་བཞག་ཡོད་རུང་ སྤྱི་ལོ་༢༠༠༦ ལུ་ འཛིན་སྐྱོང་པ་དེ་ ཚེ་ལས་འདས་པའི་ཤུལ་ལས་ གློག་བརྙན་ཁང་གི་བདག་སྐྱོང་དེ་ དགེ་ལེགས་ཕུག་དྲུང་ཁག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ པདྨ་དབང་འདུས་ཀྱིས་ མ་དངུལ་དེ་ཚུ་ ཐོབ་ཐབས་ལུ་ ཡིག་ཆ་རྫུས་མ་བཟོ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ དངུལ་ཀྲམ་ས་ཡ་༡༠.༦༣༧ ལས་ དངུལ་ཀྲམ་ས་༣.༤ དེ་ དྲུང་པ་བགྲེསཔ་གི་ཁྱིམ་ནང་ལས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
དྲུང་པ་བགྲེསཔ་གིས་ གློག་བརྙན་ཁང་གི་ མ་དངུལ་ཚུ་ སྤྱི་ལོ་༢༠༡༣ ཟླ་༤ པའི་ནང་ དངུལ་ཁང་ནང་ལས་ བཏོན་པའི་ཤུལ་ལས་ ལོག་སྟེ་གཞུང་གི་རྩིས་ཁྲ་ནང་ མ་བཙུགས་པར་ ལོ་༡ དེ་ཅིག་ སྒེར་སྤྱོད་འབད་ཡོདཔ་ལས་ རྫོང་ཁག་ཁྲིམས་འདུན་གྱིས་ མ་དངུལ་སྒེར་སྤྱོད་འབད་བའི་ཁར་ ཡིག་ཆ་རྫུས་མ་བཟོ་ནུག་ཟེར་བཀོད་ནུག།
དེ་འབདཝ་ལས་ པདྨ་དབང་འདུས་ཀྱིས་ ཡིག་ཆ་རྫུས་མ་བཟོ་བའི་ ཉེས་ཁྲིམས་སྨིན་དགོཔ་མ་གཏོགས་ བདག་སྐྱོང་ལས་རོགསཔ་ བསོད་ནམས་ནོར་བུ་མེན་པས་ཟེར་བཀོད་ནུག།
དྲུང་པ་བགྲེསཔ་གིས་འབད་མི་ བྱ་ངན་དེ་ ཉེས་ཕྲའི་བྱ་ངན་ཨིན་པའི་ཁར་ ཁོ་གིས་ ཧེ་མ་ དེ་བཟུམ་འབད་བའི་ རྗེས་ཐོ་མེདཔ་ལས་ ལོ་ངོ་༣༣ གྱི་ བཙོན་ཁྲིམས་ཕོག་་མི་དེ་ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
དྲུང་ཁག་བདག་སྐྱོང་ལས་རོགསཔ་ བསོད་ནམས་ནོར་བུ་གིས་ བློ་གསལ་གློག་བརྙན་ཁང་ནང་ ངན་ལྷད་ཐོན་མི་དེ་ དྲུང་པ་གི་བཀོད་རྒྱ་དང་འཁྲིལ་ འབད་ཡོདཔ་སྦེ་ ཞུ་ཡོད་རུང་ ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ ངོས་ལེན་རུང་བའི་ སྒྲུབ་བྱེད་ག་ནི་ཡང་ སྟོན་ནི་མེད་པའི་ཁར་ རྩིས་བཱིལ་མང་རབས་ཅིག་ མཐོ་གཏུགས་པ་ ཁོ་ར་གིས་བཟོ་ཡོདཔ་ལས་ རྫུས་མ་བཟོ་བའི་ཉེས་ཁྲིམས་དེ་ དྲུང་པ་བགྲེསཔ་ལུ་ར་ སྨིན་དགོཔ་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
བསོད་ནམས་ནོར་བུ་ལུ་ དྲུང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་ངོ་བསྡོམས་༡༩ བཀལ་མི་ལས་ ལོ་༨ བཙོན་ཁྲིམས་སྨིན་དགོ་པའི་ཁར་ ལྷག་ལུས་ལོ་ངོ་༡༡ ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡོད་རུང་ རྫོང་ཁག་ཁྲིམས་འདུན་གྱིས་ བསྒྱུར་བཅོས་འབད་དེ་ བཙོན་ཁྲིམས་ལོ་༣ བཀལ་ཏེ་ ལྷག་ལུས་ལོ་༡༦ དེ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
བསོད་ནམས་ནོར་བུ་དེ་ མ་དངུལ་ལྐོག་ཟ་ཁག་བདུན་དང་ ཡིག་ཆ་རྫུས་བཟོ་ དེ་ལས་ ནང་གསུག་སྤྲོད་ལེན་ གདོང་ཟླ་དང་ རྒྱུད་བསྐུལ་ལ་སོགས་པའི་ ཉེས་འཛུགས་ཁག་༧ བཀལ་ཡོདཔ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ བློ་གསལ་གློག་བརྙན་ཁང་དང་ གཞན་འབྲེལ་བ་ཡོད་པའི་ ལཱ་ཚུ་ལུ་ རྩིས་ཞིབ་འབད་བའི་སྐབས་ དྲུང་པ་བགྲེསཔ་དང་ བསོད་ནམས་ནོར་བུ་གཉིས་ཀྱིས་ རྒྱ་གར་སི་ཀིམ་དངུལ་ཁང་དང་གཅིག་ཁར་ རྩོད་གཞི་ཕྱེ་སྟེ་ཐོབ་མི་ མ་དངུལ་ལས་ དངུལ་ཀྲམ་ས་ཡ་༡༠.༦༣ ལྷགཔ་ཅིག་ ལོག་སྤྱོད་འབད་བའི་བདའ་ཟུན་ནུག།
རྩིས་ཞིབ་འབད་མི་ཚུ་གིས་ རྩིས་ཁྲ་ནང་ ཐོ་རྫུས་མ་བཟོ་མི་དང་ མ་དངུལ་གྱི་ཁྱད་པར་སྦོམ་ཡོདཔ་ མཐོང་ཡོདཔ་ད་ གློག་བརྙན་ཁང་ཉམས་བཅོས་ནང་ ཟད་འགྲོ་རྫུས་མ་བཏང་ཡོད་མི་དང་ རྩིས་མ་རྐྱབ་པའི་ མ་དངུལ་ཚུ་ཡོདཔ་མཐོང་ནུག།
དྲུང་པ་བགྲེསཔ་གིས་ གློག་བརྙན་ཁང་དང་འབྲེལ་བའི་ དངུལ་ཀྲམ་ས་ཡ་༦.༨༧ ལོག་སྟེ་བཙུགས་དགོ་པའི་ཁར་སི་ཀིམ་ལས་ ཏི་རུ་ལོག་ལེན་པའི་སྐབས་ ཡིག་ཆ་ཚུ་ རྫུས་མ་བཟོ་མི་དེ་ ཁོ་མེན་པར་ བསོད་ནམས་ནོར་བུ་ཨིན་ཟེར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བསོད་ནམས་ནོར་བུ་གིས་ གློག་བརྙན་ཁང་གི་ མ་དངུལ་ལོག་སྤྱོད་འབད་མི་ དངུལ་ཀྲམ་ས་ཡ་༡ ལོག་སྤྲོད་དགོཔ་ཨིན་པས།
དྲུང་པ་བགྲེསཔ་གི་བུ་ སྟོབས་རྒྱས་དགྲ་འདུལ་ལུ་ཡང་ ཡིག་ཆ་རྫུས་མ་བཟོ་མི་དང་ གཡོ་སྒྱུ་འཐབ་པའི་ བཙོན་ཁྲིམས་བཀལ་ཡོད་མི་དེ་ཡང་ མར་ཕབ་འབད་དེ་ ལོ་༡ དང་ཟླ་༦ བཀལ་མི་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *