༉ དགེ་ལེགས་ཕུག་དང་ གསེར་གཞོང་ ཆུ་གཟར་སྒང་གི་ མི་སེར་ལེ་ཤ་ཅིག་གིས་ དགེ་ལེགས་ཕུག་དྲུང་ཁག་ཡིག་ཚང་དེ་ འཕྲལ་ཁམས་ཅིག་ཁར་ ཨུམ་གླིང་རྒེད་འོག་ནང་ སྒོ་འབྱེད་འབད་མི་ ཡིག་ཚང་གསརཔ་དེ་ནང་ ག་ཅི་སྦེ་ སྤོ་བཤུད་མ་འབདཝ་ཨིན་ན་ཟེར་ དྲི་བཀོད་འབད་དོ་ཡོདཔ་ཨིན་རུང་ བཟོ་སྐྲུན་མཇུག་མ་བསྡུ་བར་ཡོད་མིའི་སྐོར་ ཤེས་མི་ཚུ་གིས་ ག་ཅི་སྦེ་ སྒོ་འབྱེད་འབད་ཡོདཔ་ཨིན་ན་ཟེར་ དྲི་བ་བཀོདཔ་ཨིན་པས།
ཨུམ་གླིང་རྒེད་འོག་ ཐང་ཟོར་གཡུས་ཚན་ནང་ བཟོ་སྐྲུན་འབད་མི་ དྲུང་ཁག་ཡིག་ཚང་གསརཔ་དེ་ གཞུང་འབྲེལ་ཐོག་ སྒོ་འབྱེད་འབད་དེ་ ཟླཝ་ལྷགཔ་ཅིག་ ལང་ཡོད་རུང་ ད་ལྟོ་ ཡིག་ཚང་དེ་ བཟོ་སྐྲུན་འབད་བའི་བསྒང་འདུག།
ཨུམ་གླིང་རྒེད་འོག་ལྟེ་བའི་ལྟག་ལུ་ གྱེན་ཆུང་ཀུ་ཅིག་གུ་ བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ ཕྱི་ནང་གི་ ལྷ་བྲིསཔ་དག་པ་ཅིག་གིས་ སྒྲིང་ཁྱིམ་གྱི་ཕྱི་ཁའི་ ལྷ་བྲིས་དང་ ཚོན་བཏང་པའི་བསྒང་ཡོད་རུང་ གློག་ཐག་ཚུ་ སྒྲིང་ཁྱིམ་གྱི་ ཕྱི་ཁ་དང་ ནང་ན་ལུ་ བཀྲམ་བཞག་ནུག།
ད་རུང་ སྒྲིང་ཁྱིམ་གྱི་ འཐིང་གཞི་ཊ་ཡེལ་ཚུ་ ད་ལྟོ་འཐིང་ནི་ འགོ་མ་བཙུགས་པར་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ ཐོག་ཚད་གཉིས་འབད་མི་ སྒྲིང་ཁྱིམ་དེ་གི་ ཞལ་འཛོམས་ཁང་དང་ མཆོད་བཤམ་རྐྱངམ་གཅིག་ གྲ་སྒྲིག་སོང་ཡོད་རུང་ གནམ་པང་དང་ སྲབ་ལེབ་ཚུ་ མ་སྦྱར་བར་འདུག་ཟེར་ཨིན་པས།
ཆུ་དུང་མཐུད་སྦྲེལ་འབད་འབདཝ་མེད་པའི་ཁར་ དྲུང་ཁག་ཡིག་ཚང་གསརཔ་ནང་ འཁོར་ལམ་སེལ་མི་དེ་ ཆུང་དྲགསཔ་མ་ཚད་ རྩི་ནག་མ་བཏང་པས།
ཁ་ཙ་ཚུན་ དགེ་ལེགས་ཕུག་དང་ ཨུམ་གླིང་རྒེད་འོག་ལྟེ་བའི་ ལམ་དེ་ཡང་ རྒྱུན་འགྲུལ་འཐབ་མ་ཚུགས་མི་དེ་ཡང་ ཏག་ལའི་གཙང་ཆུ་གུ་ལས་ ཟམ་རྐྱབ་པའི་བསྒང་ཡོད་མི་དེ་ མཇུག་མ་བསྡུ་བར་ ཡོད་ནི་དེ་གིས་ཨིན་པས།
ཨུམ་གླིང་གི་ མི་སེར་ཚུ་ ཆུ་གཟར་སྒང་ཚུན་ མི་མང་འགྲུལ་སྐྱེལ་སྣུམ་འཁོར་ནང་ འགྲོ་འགྲུལ་འབད་བའི་ཤུལ་ལུ་ དེ་ཁ་ལས་ ཟམ་༢ བརྒལ་ཏེ་ རྒེད་འོག་ནང་ འགྱོཝ་ཨིན་པས།
ད་རེས་ དྲུང་ཁག་ཡིག་ཚང་དེ་ དགེ་ལེགས་ཕུག་ཁྲོམ་གྱི་ སྦོ་ལོགས་ཁར་ཡོད་མི་ ཡིག་ཚང་རྙིངམ་དེ་ནང་ར་ བྱ་སྒོ་འཐབ་ཨིན་པས།
ཆུ་གཟར་སྒང་ལུ་སྡོད་མི་ ཚེ་རིང་གིས་ སླབ་མིའི་ནང་ དྲུང་ཁག་ཡིག་ཚང་གསརཔ་ སྒོ་འབྱེད་འབད་བའི་སྐོར་ བརྡ་བརྒྱུད་ནང་ ཐོན་པའི་ཤུལ་ལས་ མི་སེར་ལེ་ཤ་ཅིག་གིས་ར་ དྲུང་ཁག་དེ་ ཨུམ་གླིང་ལུ་ སྤོ་བཤུད་འབད་ཡོདཔ་སྦེ་ འཆར་སྣང་བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དྲུང་ཁག་ཡིག་ཚང་གསརཔ་དེ་ ད་ལྟོ་ བརྒྱ་ཆ་༦༠ དེ་ཅིག་ཡང་ བཟོ་སྐྲུན་འབད་མ་ཚར་བར་ཡོདཔ་མ་ཚད་ ལཱ་མཇུག་བསྡུ་ནི་ལུ་ ད་རུང་ དུས་ཡུན་ཟླཝ་༢ དང་༣ དེ་ཅིག་ འགོར་ནི་བཟུམ་ཡོད་རུང་ ནམ་སྤོ་བཤུད་འབད་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
གསེར་གཞོང་ལས་ ཡོན་ཏན་གྱིས་ བཟོ་སྐྲུན་འབད་མ་ཚརཝ་ལས་ར་ སྒོ་འབྱེད་འབད་ནི་དེ་ ཁྲིམས་མཐུན་ཨིན་ན་ཟེར་ དྲི་བཀོད་འབད་བའི་ཁར་ སྤྱིར་བཏང་ལུ་ ང་བཅས་ཀྱིས་ ལཱ་མཇུག་བསྡུཝ་ད་རྐྱངམ་གཅིག་ སྒོ་འབྱེད་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།
ཤུལ་ལས་ རྩིས་ཞིབ་འབདཝ་ད་ དྲུང་ཁག་གི་ འགོ་དཔོན་ཚུ་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ ག་དེ་སྦེ་ བདེན་ཁུངས་བསྐྱལ་འོང་ག་ཟེར་བའི་ དོགས་པ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཡིག་ཚང་རྐྱབ་ནིའི་ལཱ་དེ་ སྤྱི་ལོ་༢༠༡༥ ཟླ་༡༡ པའི་ནང་ འགོ་བཙུགས་ཡོདཔ་ད་ དྲུང་ཁག་སྤོ་བཤུད་འབད་ནི་དེ་ འདས་པའི་གཞུང་གི་ ཁས་བླངས་ཅིག་ཨིནམ་བཞིན་དུ་ ས་གནས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ དེ་བསྒང་ གཞུང་གིས་ ཁོང་རའི་ཁས་བླངས་ཚུ་ གྲུབ་ཚུགས་ཅི་ཟེར་ གསལ་སྟོན་འབད་ཐབས་ལུ་ དྲུང་ཁག་ཡིག་ཚང་ བཟོ་སྐྲུན་འབད་མ་ཚར་རུང་ འཚབ་འཚབ་རིལ་རི་སྦེ་ སྒོ་འབྱེད་འབད་ཡི་ཟེར་ཨིན་པས།
དྲུང་ཁག་གི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་རུང་ འགོ་དཔོན་གོངམ་ཅིག་གིས་ སླབ་མིའི་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཡུན་ཟླ་ངོ་༡ གི་ནང་འཁོད་ལུ་ མཇུག་བསྡུ་འོང་ཟེར་ཨིན་པས།
ཨིན་རུང་ དགེ་ལེགས་ཕུག་ལུ་ ལཱ་འབད་མི་ ཞི་གཡོགཔ་ཅིག་གིས་ ཡིག་ཚང་དེ་ སྒོ་འབྱེད་འབདཝ་ད་ བརྒྱ་ཆ་༥༠ ཡང་ ལཱ་མཇུག་མ་བསྡུ་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ད་ དྲུང་ཁག་ཡིག་ཚང་གསརཔ་ སྒོ་འབྱེད་འབད་མི་དེ་ལུ་ ཨུམ་གླིང་གི་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ད་ སྐྱེས་ལོ་༥༨ ལང་མི་ རི་སྐྱེས་རྡོ་རྗེ་གིས་ སླབ་མིའི་ནང་ དྲུང་ཁག་ཡིག་ཚང་དེ་ ཆུ་གཟར་སྒང་ལུ་ ས་ཁོངས་གསརཔ་ཅིག་ནང་ སྤོ་བཤུད་འབད་ནི་ཨིན་པའི་ ལོ་རྒྱུས་ཡོདཔ་ལས་ ཚ་གྱང་ལང་ཡོད་རུང་ ད་རེས་འབདཝ་ད་ ནཱ་ལུ་ སྒོ་འབྱེད་འབད་ཡོདཔ་ལས་ ག་གིས་ཡང་ སྤོ་བཤུད་འབད་མི་ཚུགས་ཟེར་ཨིན་པས།
དྲུང་ཁག་ཡིག་ཚང་དེ་ སྤོ་བཤུད་འབད་ཞིནམ་ལས་ ཨུམ་གླིང་དེ་ ཡར་རྒྱས་འགྱོ་ནི་ཨིནམ་མ་ཚད་ འཁོར་ལམ་གྱི་ གནས་སྟངས་ཡང་ ལེགས་བཅོས་ཐོག་ གནམ་བྱཱར་དགུན་མེད་པར་ རྒྱུན་འགྲུལ་འཐབ་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྩི་རང་སྨན་ཁང་།
རྩི་རང་ལུ་ ཟླཝ་༡ གི་ཧེ་མར་ སྒོ་འབྱེད་འབད་མི་ ཉལ་ཁྲི་༢༠ འབད་མི་ སྨན་ཁང་དེ་ཡང་ ཡོངས་རྫོགས་སྦེ་ མ་བསྒྲུབ་པར་ཡོདཔ་ཨིན་པས།
སྨན་ཁང་དེ་ ད་ལྟོ་ སྒྲིང་ཁྱིམ་རྙིངམ་ལས་ར་ ལག་ལེན་འཐབ་ཨིན་རུང་ ལས་མི་ཚུ་ སྨན་ཁང་གསརཔ་གི་ བཟོ་སྐྲུན་ས་ཁོངས་ནང་ ལཱ་འབད་སར་ མཐོངམ་མ་ཚད་ ལྕགས་ཀྱི་སྒོ་ཅུང་གི་ ཤེལ་ཁྲམ་ཚུ་ སྨན་ཁང་གི་གདོང་ཁར་ བརྩེགས་བཞག་ནུག།
གསོ་བ་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལཱ་མཇུག་བསྡུ་དགོ་པའི་ དུས་ཡུན་དེ་ སྤྱི་ཟླ་༩ པའི་ཚེས་༢༠ ཚུན་ ཡར་སེང་འབད་བའི་ཁར་ ད་ལྟོ་ སྨན་ཁང་གི་ལཱ་ བརྒྱ་ཆ་༩༨.༥ མཇུག་བསྡུ་ཡོདཔ་མ་ཚད་ འཛིན་སྐྱོང་དེ་ ད་རིས་ཀྱི་ ཟླ་མཇུག་ལུ་ གོ་རིམ་བཟོ་སྟེ་ སྤོ་བཤུད་འབད་འོང་ཟེར་ཨིན་པའི་གནས་ཚུལ།