ཆུ་རུད་ཀྱིས་ བདུན་ཕྲག་༡ གི་ ནང་འཁོད་ལུ་ ལན་ཐེངས་གཉིས་ འཕྱགས་བདའ་མི་ དགེ་ལེགས་ཕུག་དང་ ཨ་སམ་གྱི་གཞུང་ལམ།

དགེ་ལེགས་ཕུག་དང་ ཨ་སམ་གྱི་གཞུང་ལམ་ ད་རུང་ བསུབས་ཡོད་རུང་སེལ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ དུས་ཡུན་ཆུ་ཚོད་ཕྱེ་མ་ལངམ་ཅིག་གི་རིང་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ གནས་སྐབས་ཅིག་གི་དོན་ལུ་ སེལ་ཚར་མི་ དགེ་ལེགས་ཕུག་དང་ ཨ་སམ་གྱི་གཞུང་ལམ་དེ་ ལོག་སྟེ་ར་ འཕྱགས་བདའ་ཡོདཔ་ཨིན་པས།
ཆུ་རུད་ཐོན་མི་དེ་གིས་ རྒྱུ་དངོས་དང་ གཞིས་ཆགས་ཚུ་ལུ་ གནོད་སྐྱོན་ག་ནི་ཡང་ མ་རྐྱབ་པས།
དགེ་ལེགས་ཕུག་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཆརཔ་དེ་ དྲོ་པའི་ཆུ་ཚོད་༨ ལས་རྐྱབ་ནི་ འགོ་བཙུགས་ཡོད་རུང་ ཆུ་ཚོད་༩.༣༠ དང་༡༠ གྱི་བར་ན་ ཆརཔ་ཤུགས་སྦེ་རྐྱབ་ད་ ཆུ་རུད་ཐོན་ཡི་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆར་ཆུ་ལུ་བརྟེན་ ས་མཚམས་ཀྱི་ འགེགས་སྲུང་སྒོ་རའི་ ས་ཁོངས་ནང་ ཆུ་འཁྱིལ་ཡོད་མི་དེ་ ནང་འཁོད་གནམ་གྲུ་ཐང་གི་ འོག་ལུ་ཡོད་མི་ ཆུ་མཛོད་ཁང་ནང་ ལུད་ཡར་སོ་ནུག་ཟེར་ཨིན་པས།
ཆུ་མཛོད་ཁང་དེ་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ ཆུ་རུད་ཐོནམ་ད་ རྦད་ཡར་སོཔ་ལས་ ས་མཚམས་སྒོ་རའི་ སྦོ་ལོགས་ཁར་ དགེ་ལེགས་ཕུག་དང་ ཨ་སམ་གྱི་གཞུང་ལམ་ མི་ཊར་༡༠༠ དེ་ཅིག་ འཕྱགས་བདའ་ཡོད་མི་ལུ་བརྟེན་ ད་རེས་ཆརཔ་རྐྱབ་ད་ ཆུ་མཛོད་དེ་གིས་ ཆུ་འཛིན་ནམ་ བདག་སྲུང་འབད་མ་ཚུགས་པས་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རུང་ ཆུ་མཛོད་དེ་ནང་ལས་ ཆུ་ལུད་འོངམ་ད་ ཆུ་རུད་ཐོནམ་ལས་ ཧེ་མའི་ ས་གོ་ནང་ལས་ར་ གཞུང་ལམ་འཕྱགས་བདའ་ནུག་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ ཨའི་པི་ ཕུ་ཡེལ་གྱིས་ སླབ་མིའི་ནང་ དེ་སྦེ་ ཆུ་རུད་ཐོནམ་ད་ གནོད་སྐྱོན་ཟེར་རུང་ ཧེ་མ་ཚར་ཅིག་ སེལ་ཚར་མི་ གཞུང་ལམ་དེ་ལུ་ རྐྱབ་ནུག་ཟེར་ཨིནམ་ད་ འདས་པའི་བདུན་ཕྲག་ནང་ ཆུ་རུད་ཀྱིས་ འཕྱགས་བདའ་སའི་ ལམ་བདའ་སྟེ་ ཁོང་གིས་ བྱེམ་དང་རྡོ་རུག་བཀང་མི་ཚུ་ ཆ་ཤས་ཅིག་ འཕྱགས་བདའ་ནུག་ཟེར་ཨིན་པས།
ཆརཔ་ཆད་པའི་ཤུལ་ལས་ གཞུང་ལམ་སེལ་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་དོ་ཡོད་པའི་གནས་ཚུལ།

About admin

Check Also

མི་སྟོབས་སྒྲིང་སྒྲི་བཟོ་ནི་དང་ མི་རློབས་ཡར་འཕར་གཏང་ནིའི་དོན་ལུ་ འགན་ཁུར་འདྲ་མཉམ་འབག་དགོཔ།

༉ འབྲུག་ལུ་ མི་རློབས་ཀྱི་ཚད་གཞི་ ཡར་སེང་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་ལུ་རྐྱངམ་གཅིག་ འགན་ཁུར་ཕོག་ནི་མེན་པར་ ལས་ཁུངས་དང་ ལྷན་ཁག་ ལས་སྡེ་ གཙུག་སྡེ་ དེ་ལས་ འབྲུག་པའི་མི་སེར་ག་ར་གིས་ འགན་ཁུར་འདྲ་མཉམ་འབག་སྟེ་ ཕྱག་ཞུ་དགོཔ་ཨིན་ཟེར་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *