དགེ་ལེགས་ཕུག་གི་ ཚོང་པ་ཚུ་ལུ་ ལས་མི་༢༤༨ དགོཔ་ཡོདཔ།

ལུང་ཕྱོགས་ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ རྟོག་མེད་ཞིབ་དཔྱད་རྐྱབ་ད་ ཁྲིམས་འགལ་ཐོག་བཞག་མི་ རྒྱ་གར་གྱི་ མི་ལེ་ཤ་ཅིག་ལུ་ ཉེས་བྱ་བཀལ་ནུག།

༉ དགེ་ལེགས་ཕུག་ལུ་ ཚོང་པ་དང་ ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་ དེ་ལས་ ལས་གཡོག་ལྷན་ཁག་གི་བར་ན་ ཁན་འཆམ་མ་ཚུགས་པར་ ཡུན་རིངམོ་སོང་པའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ ཚོང་པ་ཚུ་གིས་ ཉེས་བྱ་སྤྲོད་དགོཔ་བྱུང་ནུག།
དེ་ཡང་ དགེ་ལེགས་ཕུག་ ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་གིས་ ཚོང་ཁང་དང་ ཟ་ཁང་ཚུ་ནང་ རྟོག་མེད་ཞིབ་དཔྱད་རྐྱབ་ད་ ཚུལ་མིན་གྱི་སྒོ་ལས་སྡོད་མི་ ཕྱི་མི་ལེ་ཤ་ཅིག་ བདའ་ཟུན་ཡོདཔ་ཨིན་པས།
ཡུདཔ་ཅིག་ཚོང་ཁང་དང་ ཟ་ཁང་ག་རའི་ནང་ ལཱ་གི་ཆོག་ཐམ་མེད་པར་ ལཱ་འབད་མི་ ཉུང་ཤོས་ར་ རྒྱ་གར་གྱི་མི་རེ་ བཙུགས་ཏེ་ཡོདཔ་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
གཞུང་གི་ལམ་ལུགས་དང་འཁྲིལ་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ ཚོང་ཁང་དང་ ཟ་ཁང་ཚུ་ལུ་ ལས་མི་སྦེ་ འབྲུག་མི་རྐྱངམ་གཅིག་ བཙུགས་དགོ་པའི་ མཁོ་འདོད་བཀོདཔ་ཨིན་རུང་ ཚོང་པ་དང་ ཟ་ཁང་བཙུགས་མི་ཚུ་གིས་ མཁོ་འདོད་བཀོད་མི་ལྟར་ ལུང་ཕྱོགས་ལས་མི་ཡིག་ཚང་གིས་ འབྲུག་པའི་ལས་མི་ མཁོ་སྤྲོད་འབད་མ་ཚུགས་མི་ལུ་བརྟེན་ ཐབས་མེད་པར་ རྒྱ་གར་གྱི་ ལས་མི་ཚུ་ བཙུགས་དགོཔ་བྱུང་ནུག།
ཚོང་པ་ཚུ་གིས་ སླབ་མིའི་ནང་ འབྲུག་མི་ཚུ་ ལས་མི་སྦེ་བཙུགས་རུང་ ཟླཝ་དག་པ་ཅིག་ལས་བརྒལ་ སྡོད་མི་བཏུབ་པས་ཟེར་ཨིན་པས།
གལ་སྲིད་ ལཱ་གཡོག་བྱིན་མི་ཚུ་གིས་ རྒྱ་གར་གྱི་མི་ཚུ་ ཚུལ་མིན་གྱི་སྒོ་ལས་ ལཱ་གཡོག་ནང་ བཙུགས་པ་ཅིན་ མི་རེ་ལུ་ ཉེས་བྱ་དངུལ་ཀྲམ་༡༩,༨༠༠ རེ་ བཀལཝ་ཨིན་པས།
དགེ་ལེགས་ཕུག་ཁྲོམ་ཁར་ གྱོན་ཆས་ཚོང་ཅིག་གི་ཇོ་བདག་ པེ་རེམ་ཇེན་གྱིས་ ཆོག་ཐམ་མེད་པར་ རྒྱ་གར་གྱི་ ལས་མི་༢ བཙུགས་ཏེ་ཡོདཔ་ བདའ་ཟུན་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ལས་མི་༢ མེད་པ་ཅིན་ ཁོ་གི་ ཚོང་འབྲེལ་དེ་ ལག་ལེན་འཐབ་མི་ཚུགས་ཟེར་ཨིན་པས།
འདས་པའི་ལོ་༢ དང་༣ གྱི་བར་ན་ ཁོ་གིས་ འབྲུག་མི་༡༠ ལྷགཔ་ཅིག་ ཟླ་རིམ་དངུལ་ཕོགས་ཉུང་ཤོས་ དངུལ་ཀྲམ་༤,༥༠༠ རེ་སྤྲོད་དེ་ བཙུགས་ཡོད་རུང་ མི་ཕུད་རྡོག་གཅིག་གིས་ར་ དུས་ཡུན་ཟླཝ་༢ ལས་བརྒལ་ སྡོད་མ་བཏུབ་ཟེར་ ཁོ་གིས་ བཤདཔ་ཨིན་པས།
པེ་རེམ་ཇེན་གྱིས་འབད་བ་ཅིན་ དངམ་གཅིག་ལུ་ ཚོང་འབྲེལ་ནང་ ལཱ་འབད་ནི་གི་ སྤྲོ་བ་ཡོད་མི་ འབྲུག་མི་འཚོལ་ཐོབ་པར་ ལཱ་ཁག་ཡོད་པའི་ཁར་ ལཱ་གཡོག་ནང་ བཙུགས་ཚུགས་རུང་ ཡུན་རིངམོ་སྦེ་ བཞག་མི་ཚུགས་པས་ཟེར་ཨིན་པས།
ད་རུང་ བཟའ་ཆས་ཚོང་ཁང་ཅིག་གི་ ཇོ་བདག་གིས་ སླབ་མིའི་ནང་ ལས་མི་དགོ་པའི་སྐོར་ལས་ ལས་མི་ཡིག་ཚང་ནང་ ཞུ་ཡིག་ལན་ཐེངས་མང་རབས་ཅིག་ བཙུགས་ཡོད་རུང་ ཕུད་རྡོག་གཅིག་ཡང་ མ་ཐོབ་ཟེར་ཨིནམ་ད་ གལ་སྲིད་ ལས་གཡོག་ལྷན་ཁག་གིས་ འབྲུག་པའི་ལས་མི་ལངམ་སྦེ་ མཁོ་སྤྲོད་འབད་བ་ཅིན་ དེ་ལུ་ ངོས་ལེན་འབད་འོང་ཟེར་ཨིན་པས།
ད་ལྟོ་ ཁོ་གི་ཚོང་ཁང་ནང་ ལཱ་འབད་མི་ རྒྱ་གར་གྱི་ མི་༣ ཡོད་པའི་ཁར་ ད་རུང་ འབྲུག་མི་༤ དགོཔ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༤ ལུ་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ ཧང་སྟོང་མར་སྦེ་ ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ ཚོང་འབྲེལ་ཁང་༤༤ གིས་ ལས་མི་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་ད་ ཞུ་ཡིག་ནང་ ལས་མི་༢༤༨ དགོཔ་སྦེ་ མཁོ་འདོད་བཀོད་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིན་པས།
ལུང་ཕྱོགས་མདོ་ཆེན་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཡིག་ཚང་གིས་ གཡོག་གི་ས་སྟོང་ཚུ་ བསྡུ་སྒྲིག་འབད་དེ་ འཕྲལ་མགྱོགས་ར་ བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་དེ་ ད་རེས་ཀྱི་ ཟླ་མཇུག་ལུ་ དྲི་བ་དྲིས་ལན་འབད་དེ་ ན་གཞོན་ཚུ་ལུ་ གཡོག་བྱིན་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ དང་༢༠༡༧ གྱི་བར་ན་ ལུང་ཕྱོགས་ཡིག་ཚང་གིས་ གསར་སྤང་དང་ རྩི་རང་ དར་དཀར་ནང་ ཀྲོང་གསར་ བུམ་ཐང་ གཞལམ་སྒང་རྫོང་ཁག་༦ གི་ ཚོང་འབྲེལ་དང་ ཞབས་ཏོག་སྡེ་ཚན་ནང་ ན་གཞོན་༥༦༢ བཙུགས་ཡོད་མི་ལས་༡༣༢ ཀྱིས་ ཕྱིར་ཐོན་འབད་ཡོད་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *