དགེ་ལེགས་ཕུག་གི་ དྲུང་པ་བགྲེསཔ་ལུ་ ལྐོག་ཟའི་བཙོན་ཁྲིམས་ལོ་༡༥ བཀལ་ཡོདཔ།

༉ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་ཀྱི་འདུན་སར་ བློ་གསལ་གློག་བརྙན་ཁང་དང་འབྲེལ་བའི་ ཁང་གླ་ལྐོག་ཟ་དང་ ཚུལ་མིན་གཡོ་སྒྱུ་ལག་ལེན་དང་འབྲེལ་བའི་ ལོ་ངོ་ཕྱེད་དང་༢ ལྷགཔ་ཅིག་གི་རིང་ ཉེས་བཤེར་འབད་བའི་ཤུལ་ལས་ ཁ་ཙ་ དྲུང་པ་བགྲེསཔ་ པདྨ་དབང་འདུས་ལུ་ ལྷན་བསྡོམས་བཙོན་ཁྲིམས་ ལོ་ངོ་༡༥ བཀལ་ནུག།
དེ་མ་ཚད་ རྩོད་ཟླ་གིས་ གློག་བརྙན་ཁང་ལས་ཐོབ་མི་ མ་དངུལ་ས་ཡ་༡༠.༦༣༧ ལྷགཔ་ཅིག་ སྒེར་སྤྱོད་འབད་མི་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༤ ཟླ་༦ པའི་ཚེས་༡༣ ལུ་ རྟོག་མེད་ཞིབ་དཔྱད་རྐྱབ་ད་ ཁོ་གི་ ཁྱིམ་ནང་ལས་ དངུལ་རྐྱང་ས་ཡ་༣.༤༠༡ ཐོབ་མི་དེ་ བཏོགས་པའི་ཤུལ་ལས་ དངུལ་ཀྲམ་ས་ཡ་༦.༦ དེ་ཅིག་ སོར་ཆུད་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་ཟླ་པདྨ་དབང་འདུས་ལུ་ མ་དངུལ་ལྐོག་ཟ་དང་ གཡོ་སྒྱུ་ལག་ལེན་སྦོམ་ཤོས་ནང་ ཉེས་འཛུགས་བསྡོམས་༧༠ བཀལ་ཡོད་མིའི་གྲངས་སུ་ དགེ་ལེགས་ཕུག་ཁྲོམ་ཁར་ཡོད་མི་ བློ་གསལ་གློག་བརྙན་ཁང་གི་ ཁང་གླ་མ་དངུལ་དེ་ རྒྱ་གར་སི་ཀིམ་ལས་ སླར་ལོག་ལེན་པའི་ ཉེས་འཛུགས་ཁག་༢༦ དང་ གློག་བརྙན་ཁང་གི་ རྒྱུན་སྐྱོང་དང་ལག་ལེན་དང་འབྲེལ་བའི་ ཉེས་འཛུགས་༢༡ དེ་ལས་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོ་ ཁག་འབགཔ་ཚུ་ལུ་ ཕན་གྲོགས་འབད་བའི་ ཉེས་འཛུགས་ཚུ་ ཚུད་ཡོདཔ་ཨིན་པས།
དེ་ལས་ དྲུང་པའི་ཉེས་འབྲེལ་པ་ དྲུང་ཁག་བདག་སྐྱོང་ལས་རོགསཔ་བགྲེསཔ་ བསོད་ནམས་ནོར་བུ་ལུ་ མ་དངུལ་སྒེར་སྤྱོད་དང་ ཡིག་ཆ་རྫུས་བཟོ་ དྲུང་པ་བགྲེསཔ་ལུ་ སྡོང་ཟླ་འབད་བའི་ བཙོན་ཁྲིམས་ལོ་༨ བཀལ་ཡོདཔ་མ་ཚད་ ལྐོག་ཟ་འབད་བའི་ དངུལ་ཀྲམ་འབུམ་༨ དེ་ཅིག་ གཞུང་ལུ་ སོར་ཆུད་འབད་དགོཔ་ཨིན་པས།
ད་རུང་ དྲུང་པ་བགྲེསཔ་གི་ རྩོད་དོན་ནང་ འབྲེལ་གནད་ཡོད་མི་ རྩོད་ཟླ་གཞན་༢༠ ལུ་ བཙོན་ཁྲིམས་ཟླཝ་༣ ལས་ལོ་༥ གི་བར་ན་ བཀལ་ཡོདཔ་ད་ ཁ་ཙ་དྲོ་པར་ ཆུ་ཚོད་༡༠ ལས་ འཁྲུན་ཆོད་ལྷག་ནི་ འགོ་བཙུགས་མི་དེ་གིས་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ལུ་རྐྱངམ་གཅིག་ མཇུག་བསྡུ་ཚུགས་ཡོད་པའི་གནས་ཚུལ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *