༉ དགེ་ལུགས་ཕུག་ཁྲོམ་ཁར་སྡོད་མི་ཚུ་ལུ་ ཁྲོམ་སྡེ་དང་འབྲེལ་བའི་ཞབས་ཏོག་ཚུ་ བྱིན་ཐབས་ལུ་ གཞུང་ལས་མི་སེར་ཟེར་མི་ ཞབས་ཏོག་ཁག་༡༠ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཁྲོམ་སྡེ་གིས་ བཟོ་སྐྲུན་ཆ་འཇོག་འབད་ནི་དང་ ཡོངས་འབྲེལ་ཐོག་ལས་ སྡོད་གནས་ལག་ཁྱེར་གྱི་ དཀའ་ངལ་སེལ་ཡོད་མི་ཚུ་ ཐོ་བཀོད་འབད་ནི་ བཙོག་གཡུར་གསརཔ་བཟོ་ནི་ དེ་ལས་ གཞན་ཡང་ ཆུ་དུང་གསརཔ་བཙུགས་ནི་དང་ ཆུའི་མི་ཊར་གསརཔ་བཙུགས་ནི་ལ་སོགས་པའི་ མཐུན་རྐྱེན་ཚུ་ ཡོངས་འབྲེལ་ཐོག་ལས་ བྱིན་ནི་ཨིན་པས།
ཞབས་ཏོག་ཚུ་ཡང་ སྤྱི་ལོ་༢༠༡༥ ལུ་ ཐིམ་ཕུག་ཁྲོམ་སྡེ་ནང་ ཨི་ཞབས་ཏོག་ཟེར་མི་དེ་ མཐར་འཁྱོལ་ཅན་སོང་བའི་ཤུལ་ལས་ ཁྲོམ་སྡེ་དེ་ནང་ཡང་ འགོ་བཙུགས་ཡོདཔ་ད་ ཁྲོམ་སྡེ་གིས་ སྤྱི་ལོ་༢༠༡༧ གྱི་ཟླཝ་༧ པ་ལས་འགོ་བཙུགས་ཏེ་ ད་ཚུན་ ཞབས་ཏོག་༥༠༠ དེ་ཅིག་ སྤྲོད་ཚུགས་ཏེ་ཡོདཔ་ཨིན་པས།
ཞབས་ཏོག་ཚུ་ རྩིས་སྤྲོད་འབད་མི་དེ་གིས་ ཨི་ཞབས་ཏོག་ལག་ལེན་གྱི་གྲུབ་འབྲས་ ཡར་དྲག་འགྱོ་བའི་ རྟགས་མཚན་ཨིན་པའི་ཁར་ དེ་གིས་ ཞབས་ཏོག་བྱིན་མི་ཚུ་གིས་ མི་སེར་ཚུ་གི་དོན་ལུ་ གཙོ་རིམ་བཟུང་ནི་ཨིན་པའི་ བརྡ་མཚོན་ཡང་ཨིན་པས།
ཞབས་ཏོག་འགོ་བཙུགས་མི་དེ་གིས་ ཞབས་ཏོག་བྱིན་མི་ཚུ་གིས་ མི་མང་ལུ་ ཞབས་ཏོག་ཚུ་ དུས་ཚོད་ཁར་སྤྲོད་ཚུགས་པའི་ཁར་ མཐུན་རྐྱེན་ཚུ་ལངམ་སྦེ་ སྤྲོད་ཚུགས་པའི་ ཁེ་ཕན་ཡོད་པའི་ཁར་ ཞབས་ཏོག་སྤྱོད་མི་ཚུ་ལུ་འབད་བ་ཅིན་ དུས་ཚོད་ལེ་ཤ་གིས་ མར་ཕབ་འབད་ཚུགས་པའི་ཁར་ ཡོངས་འབྲེལ་ཐོག་ལས་ བྱིན་མི་དེ་གིས་ ཞབས་ཏོག་བྱིན་མི་ཚུ་ལུ་ འགན་འཁྲི་ཡང་ ཕོགཔ་ཨིན་ཟེར་ཨིན་པས།
ཞབས་ཏོག་དེའི་སྐོར་ལས་ གོ་བརྡ་བཟུམ་ཅིག་སྦེ་ འགོ་བཙུགས་པའི་སྐབས་ ཁྲོམ་སྡེ་གིས་ ཞབས་ཏོག་ཚུའི་སྐོར་ལས་ གསལ་སྟོན་འབད་ཡོདཔ་ད་ ཞབས་ཏོག་ཚུ་ཡང་ རྒྱ་གར་གཞུང་གི་གྲོགས་རམ་ཐོག་ལས་ གཞུང་ལས་མི་སེར་ལུ་ཞབས་ཏོག་ཟེར་མིའི་ ལས་འགུལ་ཐོག་ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

ལྷན་རྒྱས་གཞུང་ཚོགས་ཀྱི་མདོ་ཆེན་ བློ་བཟང་རྡོ་རྗེ་གིས་ དགེ་ལེགས་ཕུག་ཁྲོམ་དཔོན་ ཊི་ཀ་རཱམ་ ཀཱཕ་ལེ་ལུ་ ཁྲོམ་སྡེའི་ཞབས་ཏོག་ཚུ་ རྩིས་སྤྲོད་པའི་བསྒང་།