དགེ་འདུ་ལུ་ དངུལ་རྐྱང་འཕྱོག་བཟུང་འབད་མི་དེ་ གསེར་ནག་ཚོང་དང་ འབྲེལ་བ་ཡོད་པའི་དོགས་པ།

ཁ་ཙ་ དགེ་འདུ་ལུ་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་ཅིག་བཀག་སྟེ་ ཞིབ་དཔྱད་འབདཝ་ད་ སྣུམ་འཁོར་གྱི་རྒྱབ་ཁའི་ གདན་འོག་ལུ་ བེག་གནགཔོ་ཅིག་ནང་ དངུལ་ཀྲམ་ས་ཡ་༥.༢༥ དང་ རྒྱ་གར་གྱི་རུ་པི་༡༩༥,༠༠༠ སྦ་བཞག་སྟེ་ཡོདཔ་མཐོངམ་ལས་ ཏི་རུ་འཕྱོག་བཟུང་འབདཝ་དང་འབྲེལ་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ མི་སྡེ་བརྡ་བརྒྱུད་ཕེསི་བུག་ནང་ ཁ་ཙ་དྲོ་པ་ འཛིན་བཟུང་འབད་ཡོདཔ་སྦེ བཀོད་ནུག།

གདོང་དེབ་ནང་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་སྐབས་ མི་མང་ཡོངས་ཀྱི་ ཉེན་སྲུང་ལུ་དམིགས་ཏེ་ ཁྲིམས་སྲུང་འགག་སྡེ་གིས་ བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་དོ་བཟུམ་སྦེ་ ཉེན་སྲུང་གི་ ཞིབ་དཔྱད་དང་ ལྟ་རྟོག་ཡར་སེང་འབད་ཡི་ཟེར་བཀོད་ནུག།

དགེ་འདུའི་ཁྲིམས་སྲུང་འགག་སྡེ་གིས་ ཉེན་སྲུང་གི་ཞིབ་དཔྱད་ འགོ་འདྲེན་འཐབ་པའི་སྐབས་  སྐྱེས་ལོ་༢༦ དང་༣༠ འབད་མི་ཕོ་སྐྱེས་༢ ཀྱིས་ སྣུམ་འཁོར་གྱི་རྒྱབ་ཁར་ གདན་གྱི་འོག་ལས་ དངུལ་འབོར་ཆེ་ཏོག་ཏོ་སྦེ་ སྦ་བཞག་ཡོདཔ་ བདའ་ཟུན་ཡོདཔ་ད་

གདོང་དེབ་ནང་ ཕོ་སྐྱེས་༢ ཆ་ར་ སྨྱོ་རྫས་ཊི་ཨེཆི་སི་སྤྱོད་ཡོདཔ་དང་ ཁོང་༢ ལས་༢ ལུ་ སྨྱོ་རྫས་ཧ་ཤིཤ་གཱ་རམ་༡༡.༡༢ འབག་སྟེ་འདུག་ཟེར་བཀོད་ནུག།

ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དམག་སྲིད་དབང་ཕྱུག་ལ་གིས་ ཕོ་སྐྱེས་༣ པམ་ སྐྱེས་ལོ་༣༡ ལང་མི་དེ་ ཁོང་འགྲོ་འགྲུལ་འབད་མི་ སྣུ་འཁོར་པ་ར་ཌོའི་ དེད་གཡོགཔ་ཨིན་པས་ཟེར་ བཤདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་ཚུ་ ཧཱ་དང་ ཆུ་ཁ་ལས་ཨིན་པས་ཟེར་ བཤད་ཡོདཔ་ད་ དོགས་ཅན་ཚུ་ ས་གནས་ཇུམ་བྱག་ལས་ འཛིན་བཟུང་འབད་ཡོད་པའི་ ཤེས་རྟོགས་བྱུང་ཡི།

དམག་སྲིད་དབང་ཕྱུག་ལ་གིས་ སླབ་མིའི་ནང་ ཏི་རུ་ཚུ་ གསེར་ནག་ཚོང་དང་ འབྲེལ་བ་ཡོདཔ་བཟུམ་ཅིག་ཡོདཔ་ཨིན་རུང་ ཞིབ་དཔྱད་འབད་དོ་ཟེར་ཨིན་པས།

དོགས་ཅན་༣ ཞིབ་དཔྱད་མཐིལ་ཕྱིན་འབད་ནིའི་དོན་ལུ་ དགེ་འདུའི་ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *