བདེ་ཆེན་ཕུག་ལྷ་ཁང་།

དགེ་བསྙེན་ཇག་པ་མེ་ལེན་ལུ་ སྐྱབས་འཚོལ་བ་ཅིན་ ད་ལྟ་མྱུར་དུ་ གཟིགས་གནང་དོ་ཡོདཔ།

༉ རྒྱལ་ས་ལྟེ་བ་ལུ་སྡོད་མི་ཚུ་གིས་ ཐིམ་ཕུག་ལུང་གཤོང་གི་ སྐྱབས་འཛིན་པ་ དགེ་བསྙེན་ཇག་པ་མེ་ལེན་ལུ་ དུས་དང་རྣམ་པ་ཀུན་ཏུ་ སྐྱབས་འཚོལ་མི་དེ་ཡང་ རང་སོའི་བསམ་དོན་ཚུ་ ད་ལྟ་མྱུར་དུ་ འགྲུབ་ཚུགས་པའི་ ནུས་སྟོབས་ཡོད་ནི་དེ་གིས་ཨིན་པས།
ཐིམ་ཕུག་རྫོང་ཁག་ ལྕང་དང་ཝང་གི་ སྐྱབས་འཛིན་པ་ དགེ་བསྙེན་ལུ་ སྐྱབས་གཟིགས་ཚུགས་པའི་ ནུས་སྟོབས་ཡོད་མི་དེ་ཡང་ ཁོ་ར་ ཡིད་དམ་རྟ་མགྲིན་གྱི་ རྣམ་སྤྲུལ་ཨིན་པའི་ ལོ་རྒྱུས་ཡོདཔ་མ་ཚད་ སྤྱིར་བཏང་བཀའ་སྲུང་དང་ཆོས་སྲུང་ཚུ་ ས་ཐོབ་བྱང་ཆུབ་སེམས་དཔའི་ རྣམ་སྤྲུལ་ཨིན་པའི་ ངོས་ལེན་འབད་དོ་བཟུམ་ དགེ་བསྙེན་བཟུམ་གྱི་ ཡུལ་ལྷ་ལ་ལོ་ཅིག་ཡང་ བྱང་ཆུབ་སེམས་དཔའི་ རྣམ་སྤྲུལ་སྦེ་ ཆ་བཞག་དོ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ བདེ་ཆེན་ཕུག་གི་ དགེ་བསྙེན་ཇག་པ་མེ་ལེན་དེ གནོད་སྦྱིན་དང་སྲིན་མོ་ གདོང་དམར་གྱི་བུ་ སྐྱེ་བ་མཐའ་མལ་པ་ཅིག་སྦེ་ ལེན་མི་ལུ་བརྟེན་ ཁོ་གིས་ སེམས་ཅན་ཚུ་ལུ་ གནོདཔ་བཀལ་ནི་ཨིནམ་ ཡིད་དམ་རྟ་མགྲིན་གྱིས་ མཁྱེན་པའི་ཤུལ་ལས་ བཀའ་བསྒོ་དམ་བཞག་གནང་སྟེ་ ནང་པའི་བཀའ་སྲུང་ལུ་ བྱིན་གྱིས་བརླབས་གནང་ཡོདཔ་ཨིན་པས།
དེ་མ་ཚད་ དུས་རབས་༨ པའི་ནང་ བལ་ཡུལ་ཡང་ལེ་ཤོད་ལུ་ སྔགས་འཆང་ཨྱོན་གུ་རུ་རིན་པོ་ཆེ་མཆོག་ ཐུགས་དམ་གནང་བཞུགས་པའི་སྐབས་ལུ་ཡང་ བཀའ་བསྒོ་གནང་ཡོདཔ་ད་ དེ་ཡང་ ཨྱོན་གུ་རིན་པོ་ཆེ་ ཡང་ལེ་ཤོད་ལུ་ བཞུགས་པའི་སྐབས་ ས་གནས་ཀྱི་ བདུད་དང་འདྲེ་ཚུ་གིས་ གུ་རུ་རིན་པོ་ཆེ་ལུ་ ངོ་རྒོལ་འབད་ནི་སྦེ་ སྡེ་ཚན་བཟོ་སྟེ་འགྱོ་བའི་སྐབས་ དགེ་བསྙེན་རིགས་༤ གིས་ གུ་རུའི་རྒྱབ་ལས་ཐོན་ཏེ་ བདུད་དང་འདྲེ་ཚུ་ དམ་བཏགས་ནི་ལུ་ ཆ་རོགས་འབད་བའི་ལོ་རྒྱུས་ཚུ་ བཀའ་སྲུང་གི་ གསོལ་འདེབས་ཚུ་ནང་ ཡོདཔ་ཨིན་པས།
དེ་བསྒང་ དགེ་བསྙེན་ཇག་པ་མེ་ལེན་ལུ་ བཀའ་བསྒོ་དམ་བཞག་གནང་པའི་སྐབས་ དགེ་བསྙེན་ཀ་ལུ་ཁ་རི་དང་ དམ་ཅན་རྡོ་རྗེ་ལེགས་པ་ཡང་ བཀའ་བསྒོ་དམ་བཞག་ གནང་ཡོད་པའི་ལོ་རྒྱུས་ཡོདཔ་མ་ཚད་ ཤུལ་ལས་ གུ་རུ་རིན་པོ་ཆེ་ འབྲུག་ལུ་བྱོན་པའི་སྐབས་ལུ་ཡང་ བཀའ་བསྒོ་དམ་བཞག་གནང་པའི་སྐབས་ དགེ་བསྙེན་ལུ་ གུ་རུ་རིན་པོ་ཆེ་གིས་ དམ་བཞག་ཚར་༢ གནང་ནུག།
ཐིམ་ཕུག་བདེ་ཆེན་ཕུག་གི་ གནས་ཁང་བརྩིསཝ་ད་ དགེ་བསྙེན་ལུ་ གནས་ཁང་༧ ཡོདཔ་ད་ དེ་ཡང་ བོད་བསམ་ཡས་འཆིམ་ཕུག་དང་ རྩཱ་རི་ རྐོང་པོ་ བདུད་ཡུལ་ཁུ་ར་ མོན་ཡུལ་གདུང་ལ་མཁར་ ཟངས་ཐང་དཀར་པོ་ དེ་ལས་ འབྲུག་ར་ལུང་ཚུ་ཨིན་པས།
བདེ་ཆེན་ཕུག་ལུ་ཡོད་པའི་ དགེ་བསྙེན་གྱི་གནས་ཁང་དེ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ དམ་པ་གིས་ གཞི་བཙུགས་གནང་ཡོདཔ་ད་ ཁོ་ར་ བདེ་ཆེན་ཕུག་གི་ བླམ་དང་པ་སྦེ་ མཛད་ཡོདཔ་བཞིན་དུ་ ཁོ་གི་བརྒྱུད་པ་དེ་ ཁོ་རའི་སྲས་ ཀུན་བཟང་རྡོ་རྗེ་གིས་ འཛིན་གནང་ནུག།
རྒྱལ་རབས་དང་འཁྲིལ་བ་ཅིན་ ཀུན་བཟང་རྡོ་རྗེ་གིས་ གནས་ཁང་དེ་ རྒྱ་བསྐྱེད་གནང་ཡོདཔ་མ་ཚད་ སྒྲུབ་སྡེ་ཡང་ གཞི་བཙུགས་གནང་ཡི་ཟེར་ཨིནམ་ད་ ཁོ་གི་ཡབ་ གཤགས་ནི་འབདཝ་ད་ དགོངས་པ་རྫོགས་མ་གནང་ཟེར་ གསོལཝ་བཏབ་པའི་སྐབས་ ཡབ་དམ་པ་གིས་ བུ་བློ་འགྱོད་བསྐྱེད་དགོཔ་མེད་ ང་ཁྱོད་ཀྱི་བུ་སྦེ་ འབྱོན་ནི་ཟེར་གསུངསམ་བཞིན་དུ་ ཡབ་ཀུན་བཟང་རྡོ་རྗེའི་སྲས་སྦེ་ སྐུ་འཁྲུངས་ནུག།
ཡབ་ཀྱི་ཞལ་ཆེམས་ལྟར་ ཀུན་བཟང་རྡོ་རྗེ་ལས་སྲས་ དམ་སྤྲུལ་བློ་ལྡན་རྒྱལ་པོ་སྦེ་ འཁྲུངས་མི་དེ་ གདུང་བརྒྱུད་འཛིན་མི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ འབྲུག་ར་ལུང་ལུ་བྱོན་ཏེ་ དབང་ལུང་དང་ མན་ངག་ཚུ་ ཞུ་ཡོདཔ་མ་ཚད་ འཇམ་དབྱངས་ཀུན་དགའ་སེངྒེ་མཆོག་ ར་ལུང་གི་ གདན་ས་འཛིན་མི་ བརྒྱུད་འཛིན་༧ པ་སྦེ་ཡང་ ངོས་འཛིན་གནང་ནུག།
སྤྱི་ལོ་༡༣༤༥ ལུ་ དམ་སྤྲུལ་བློ་ལྡན་རྒྱལ་པོ་གིས་ འཇམ་དབྱངས་ཀུན་དགའ་སེངྒེ་ རྒྱལ་ཁབ་ནང་ ཞུཝ་བཞིན་དུ་ བདེ་ཆེན་ཕུག་ལུ་ བཞུགས་པའི་རིང་ ཁོང་བླ་སློབ་༢ ཀྱིས་ ད་རེས་ཡོད་པའི་ དགེ་བསྙེན་གྱི་གནས་ཁང་དེ་ རྒྱ་བསྐྱེད་གནང་ཡོདཔ་མ་ཚད་ དེ་ནང་ དགེ་བསྙེན་གྱི་ སྐུ་འདྲ་ཡང་ བཙུགས་གནང་ནུག།
ལོ་རྒྱུས་དང་འཁྲིལ་བ་ཅིན་ དེ་བསྒང་ དགེ་བསྙེན་སྐུ་དངོས་སུ་བྱོན་པའི་སྐབས་ འཇམ་དབྱངས་ཀུན་དགའ་སེངྒེ་གིས་ བཀའ་བསྒོ་དམ་བཞག་གནང་སྟེ་ དཔལ་ལྡན་འབྲུག་པའི་ བཀའ་སྲུང་ཅིག་ལུ་ བསྒྱུར་གནང་ཡོདཔ་ཨིན་པས།
དམ་སྤྲུལ་བློ་ལྡན་བཟང་པོ་ལུ་ སྲས་༢ ཡོད་ས་ལས་ དྲུང་དྲུང་དགེ་འཛོམས་དེ་ བདེ་ཆེན་ཕུག་གི་ བླ་བརྒྱུད་༤ པ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དྲུང་དྲུང་རྒྱལ་མཆོག་དེ་ འབྲུག་ར་ལུང་ལས་ སྐུ་ཡོན་བཞེས་པའི་ཤུལ་ལས་ སྤ་རོ་ཧཱུྃ་རལ་ལུ་བཞུགས་ཏེ་ སྤ་རོ་རིན་ཆེན་སྤུངས་པའི་རྫོང་ བཞེངས་གནང་པའི་ ལོ་རྒྱུས་འདུག།
དྲུང་དྲུང་རྒྱལ་མཆོག་དེ་ ར་ལུང་ལུ་ ཤེས་ཡོན་སྦྱངས་པའི་སྐབས་ ར་ལུང་གི་གཙུག་རྒྱན་དེ་ རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་ བཞུགས་ཡོདཔ་ད་ ཁོ་ར་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ འགོ་བཙུགས་མི་ འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ ཡང་སྲིད་དང་པ་ཨིན་པས།
དྲུང་དྲུང་རྒྱལ་མཆོག་གིས་ རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་ བདེ་ཆེན་ཕུག་ལུ་ ཞུཝ་བཞིན་དུ་ ཟླཝ་༤ གི་རིང་ བདེ་ཆེན་ཕུག་ལུ་ བཞུགས་པའི་སྐབས་ དགེ་བསྙེན་ལུ་ བཀའ་བསྒོ་དམ་བཞག་ གནང་ཡོད་པའི་ལོ་རྒྱུས་འདུག།
དེ་འབདཝ་ལས་ དགེ་བསྙེན་ཇག་པ་མེ་ལེན་གྱིས་ སྤྱིར་བཏང་ནང་པའི་བསྟན་པ་ལུ་ བཀའ་སྲུང་མཛད་གནང་ཡོདཔ་མ་ཚད་ དམིགས་བསལ་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་ ཆོས་ལུགས་འཛིན་མི་ཚུ་ལུ་ རྒྱབ་སྐྱོར་གནང་དོ་ཡོདཔ་ཨིན་པས།
ཤུལ་ལས་ བླམ་ངག་དབང་ཆོས་རྒྱལ་ འབྲུག་ལུ་བྱོན་པའི་སྐབས་ དགེ་བསྙེན་གྱིས་ ཕྱག་ཞུ་ཡོདཔ་མ་ཚད་ ཁོ་གི་སྲས་ བསྟན་པའི་རྒྱལ་མཚན་དང་ སྲས་ཆུང་ཤོས་ ངག་གི་དབང་ཕྱུག་ལུ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ དགེ་བསྙེན་གྱིས་ ཡོངས་འཛིན་ངག་གི་དབང་ཕྱུག་གི་སྲས་དང་ སྲས་གི་སྲས་ མི་ཕམ་ཆོས་རྒྱལ་ ཁོ་གི་སྲས་ མི་ཕམ་བསྟན་པའི་ཉི་མ་ ཁོ་གི་སྲས་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་ཚུན་ ལེགས་ཤོམ་སྦེ་ ཕྱག་ཞུ་ཡོད་པའི་ ལོ་རྒྱུས་ཚུ་འདུག།
དེ་ཡང་ ཞབས་དྲུང་རིན་པོ་ཆེ་ བོད་ལས་ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་ ལུང་ནག་ནང་ལས་སྦེ་ བྱོན་པའི་སྐབས་ དགེ་བསྙེན་དང་ ཁོ་རའི་གསང་ཡུམ་ སྤང་རི་ཟམ་པའི་ མཚོ་སྨན་༢ ཀྱིས་ ཞབས་སར་བཅར་ཏེ་ སྤང་རི་ཟམ་པ་ལུ་ བྱོན་ཞུ་འབད་ཡོདཔ་མ་ཚད་ དེ་ཁར་ ཕེབས་པའི་སྐབས་ལུ་ཡང་ ཕྱག་ཞུ་མི་ ངོ་མ་ཅིག་ དགེ་བསྙེན་ཨིན་མས་ཟེར་ ཞུ་ནི་ཨིན།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *