༉ ལྷག་བསམ་ཡིག་ཚང་གིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུག་དགེ་བསྙེན་ཁ་ དམ་སི་མ་ལུ་ གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་མི་དེ་ ཁ་ཙ་ སྒོ་འབྱེད་འབད་ཡི།
ལྷག་བསམ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དབང་དྲག་རྡོ་རྗེ་གིས་ བཤད་མིའི་ནང་ གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དགོ་མི་དེ་ཡང་ ཨེཆི་ཨའེ་བི་ནད་གཞི་ཐོབ་མི་དང་ ཕོ་གིས་ཕོ་ལུ་དགའ་མི་ མོ་གིས་མོ་ལུ་དགའ་མི་ དེ་ལས་ སྨྱོ་རྫས་ལུ་ཤུགས་ཐལ་བའི་ཤུལ་ལས་ བཀག་ཐབས་འབདཝ་ད་ དཀའ་ངལ་བྱུང་མི་ཚུ་ གཅེས་སྐྱོང་འབད་ནིའི་དོན་ལུ་ གཞི་བཙུགས་འབད་འབདཝ་ ཨིན་ཟེར་ཨིན་པས།
གཅེས་སྐྱོང་ལྟེ་བ་དེ་ ད་ལྟོ་ འགོ་དང་པ་འབད་ནི་དེ་གིས་ ཁང་མིག་༤ འབད་མི་ ཁྱིམ་ཅིག་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
གཞུང་ས་ཨེ་ཀར་༥ ནང་ གཞི་བཙུགས་འབད་མི་ ལྟེ་བའི་ས་ཁོངས་ནང་ ས་ཆ་བཅད་ཐོག་ལས་ མེ་ཏོག་སྣ་ཚོགས་ འཛུགས་སྐྱོང་འབད་ཞིནམ་ལས་ མེ་ཏོག་བཙོང་སྟེ་ཐོབ་མི་ འོང་འབབ་མ་དངུལ་དེ་གིས་ གཅེས་སྐྱོང་ལྟེ་བའི་ ལྟ་རྟོག་པ་དང་ ལྟེ་བ་ནང་འོང་མི་ཚུ་ འཚོ་སྐྱོང་འཐབ་ནིའི་དོན་ལུ་ཨིན་པས།
གཅེས་སྐྱོང་ལྟེ་བ་དེ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ལྷག་བསམ་ཡིག་ཚང་གིས་ ལོ་༢ ཀྱི་རིང་ ཞལ་འདེབས་བསྡུ་ལེན་འབད་ཡོདཔ་བཞིན་དུ་ དངུལ་ཀྲམ་༦༠༠,༠༠༠ ཐོབ་ཡོདཔ་ཨིན་པས།
ད་ལྟོ་ གཅེས་སྐྱོང་ལྟེ་བ་སྦོམ་སྦེ་ བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་མེད་མི་ལུ་བརྟེན་ རྒྱ་གར་ནིའུ་ལྡི་ལི་ལུ་ཡོད་པའི་ ཇེཔ་ནིས་མ་དངུལ་གྲོགས་རམ་ཡིག་ཚང་ནང་ མ་དངུལ་གྱི་ རྒྱབ་སྐྱོར་གྲོས་འཆར་ཚུ་ བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཨིན་པས།
མ་དངུལ་གྱི་ རྒྱབ་སྐྱོར་ཐོབ་པ་ཅིན་ ཤུལ་ལས་ ས་གནས་དེ་ནང་ སྨན་བཅོས་ཀྱི་ཞབས་ཏོག་ཚུ་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ དབང་དྲག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་གཅིག་ ནད་གཞི་ཨེཆི་ཨའེ་བི་ཐོབ་མི་དང་ ཕོ་གིས་ཕོ་ལུ་དགའ་མི་ མོ་གིས་མོ་ལུ་དགའ་མི་ཚུ་ སེམས་ཤི་སྡོད་པའི་གནས་སྐབས་ལུ་ ལྟེ་བ་ནང་ ཆོས་བཤད་ཀྱི་ལས་རིམ་ དེ་ལས་གཞན་ རང་ལུ་ཕན་པའི་བསླབ་བྱ་བྱིན་མི་ཚུ་ཡང་ འོང་ནི་ཨིནམ་ལས་ དེ་གིས་ སེམས་ཤུགས་ཐེབས་བསྐྱེད་དེ་ རང་གི་གཟུགས་ཁམས་སྒྲིང་སྒྲི་སྦེ་ བཞག་ཐབས་ལུ་ ཨིན་ཟེར་ཨིན་པས།
གཟུགས་ཁམས་འཕྲོད་བསྟེན་ཉམས་འགྱོ་ནི་དེ་ མང་ཆེ་ཤོས་ཅིག་ རང་སེམས་མ་དགའ་བར་ སྡོད་མི་ལུ་བརྟེན་ཨིནམ་ལས་ གཅེས་སྐྱོང་ལྟེ་བ་དེ་ནང་ རང་གིས་ལཱ་འབད་དེ་ འཚོ་སྐྱོང་འཐབ་ནི་དང་ དགའ་ཏོག་ཏོ་སྦེ་སྡོད་དེ་ རྒྱལ་ཁབ་ནང་འཁོད་རྐྱངམ་གཅིག་མེན་པར་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡང་ དཔེ་སྟོན་བཏུབ་བཟོ་ནིའི་དོན་ལུ་ ཨིནམ་སྦེ་བཤད་ཅི།
ད་ལྟོ་ ས་གནས་ནང་ མེ་ཏོག་སྣ་ཚོགས་ འཛུགས་སྐྱོང་འབད་བའི་སྐབས་ལུ་ཡང་ སྨྱོ་རྫས་ལུ་ ཤུགས་ཐལ་ཏེ་ སྨན་བཅོས་འབད་མི་ན་གཞོན་ཚུ་དང་ ཕོ་གིས་ཕོ་ལུ་དགའ་མི་ མོ་གིས་མོ་ལུ་དགའ་མི་ དེ་ལས་ ཨེཆི་ཨའེ་བི་ནད་གཞི་ཐོབ་ཚུ་གིས་ ལཱ་འབད་ཚུགས་པ་ཅིན་ མི་༢༠ དེ་ཅིག་ལུ་ ལཱ་གཡོག་སྤྲོད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
མ་འོངས་པ་ལུ་ མེ་ཏོག་ཚུ་ ཚོང་འབྲེལ་འཐབ་མི་དེ་གིས་ གཅེས་སྐྱོང་ལྟེ་བའི་ཟད་འགྲོ་དང་ ན་གཞོན་ཚུ་གི་ དངུལ་ཕོགས་ཡང་ དེ་ནང་ལས་བཏོན་ཏེ་ ལྟེ་བ་འཛིན་སྐྱོང་འཐབ་ནིའི་ འཆར་གཞི་ཡོདཔ་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།