དགེ་གླིང་རྒེད་འོག་ལྟེ་བའི་ ལམ་སེལ་བའི་བསྒང་།

དགེ་གླིང་རྒེད་འོག་ལྟེ་བ་ འཁོར་ལམ་གྱི་ མཐུད་སྦྲེལ་འབད་ནི།

ཆུ་ཁ་རྫོང་ཁག་ ཅཱ་ན་ཅན་གཡུས་ཚན་ནང་ཡོད་མི་ དགེ་གླིང་རྒེད་འོག་ལྟེ་བ་དེ་ འཁོར་ལམ་གྱི་ མཐུད་སྦྲེལ་འབད་ནི་ཨིནམ་ད་ ཀི་ལོ་མི་ཊར་༧.༢ འབད་མི་ འཁོར་ལམ་གྱི་ གཞི་རྟེན་སེལ་ནིའི་ལཱ་ཚུ་ བདུན་ཕྲག་༢ དེ་ཅིག་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

ཅཱ་ན་ཅན་གཡུས་ཚན་དེ་ ཆུ་ཁའི་ བྱང་ཕྱོགས་ཁ་ཐུག་ལུ་ ཆགས་ཡོདཔ་ད་ སྤྱི་འོག་གཞན་མི་༥ པོ་དེ་ ལྷོ་ཕྱོགས་ཁ་ཐུག་ལུ་ ཆགས་ཡོད་པའི་ཁར་ འཁོར་ལམ་གྱི་ མཐུད་སྦྲེལ་མེདཔ་ལས་ རྒཔོ་དང་ རྒེད་འོག་བདག་སྐྱོང་གིས་ རྩི་མ་གཤམ་ལུ་ གླ་ཁར་ལེན་ཡོད་མི་ ཡིག་ཚང་ནང་ལས་ ལཱ་འབད་དོ་ཡོདཔ་ཨིན་པས།

དགེ་གླིང་རྒཔོ་ ཕུརཔ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ ཁོ་རྒཔོ་སྦེ་ མ་འོང་པའི་ཧེ་མ་ལས་ རྒེད་འོག་དེ་ ཅཱ་ན་ཅན་ལུ་ ངོས་འཛིན་འབད་ནུག་ཟེར་ཨིནམ་ད་ གཡུས་ཚན་མང་ཤོས་ཅིག་ ལྷོ་ཕྱོགས་ཁ་ཐུག་ལུ་ཡོདཔ་ལས་ ལཱ་འབད་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།

ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་འོག་༥ པོ་ཆ་ར་ མཐུད་སྦྲེལ་འབད་ཚུགས་དོ་ཡོདཔ་ལས་ ཁོ་དང་ རྒེད་འོག་བདག་སྐྱོང་ཚུ་གིས་ རྩི་མ་གཤམ་ལས་ མི་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་ སྤྲོད་ཚུགས་པས་ཟེར་ཨིནམ་ད་ ཨིན་རུང་ རྒེད་འོག་ནང་ འཁོར་ལམ་ལྷོད་པའི་ཤུལ་ལས་ དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིན་པས།

ཕུན་ཚོགས་གླིང་ལུང་ཕྱོགས་ལམ་སེལ་ཡིག་ཚང་ལས་ ས་ཁོངས་བཟོ་རིག་འགོ་དཔོན་ ཀུན་བཟང་དོན་གྲུབ་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ འཁོར་ལམ་གྱི་ གཞི་རྟེན་སེལ་ནིའི་ལཱ་ མི་ཊར་༢༠༠ དེ་ཅིག་ ལུས་ཏེ་ཡོད་ཟེར་ཨིནམ་ད་ གཞི་རྟེན་སེལ་ནིའི་ ལཱ་དེ་ཡང་ སྤྱི་ལོ་༢༠༡༧ གྱི་ སྔ་ཆ་དེ་ཅིག་ཁར་ འགོ་བཙུགས་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཁོར་ལམ་སེལ་ནིའི་ལཱ་ འགོ་བཙུགས་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༩ གནང་ཡི་ཟེར་ཨིནམ་ད་ ད་རེས་ དངུལ་ཀྲམ་ས་ཡ་༣༤ ཆ་འཇོག་འབད་ཡོད་རུང་ འཁོར་ལམ་གྱི་ གྱང་རྩིག་དང་ ཆུ་གཡུར་ལ་སོགས་པ་ བཟོ་སྐྲུན་འབད་ནིའི་ནང་ རྫོགས་ནི་ཨིནམ་ལས་ མ་དངུལ་དེ་གིས་ འཁོར་ལམ་གུ་ རྩི་ནག་གཏང་མི་ཚུགས་ཟེར་ཨིན་པས།

འཁོར་ལམ་དང་གཅིག་ཁར་ མཐུད་སྦྲེལ་འབད་ནིའི་དོན་ལུ་ ཝང་ཆུ་གུ་ལས་ ཕིཌ་༡༨༠ འབད་མི་ ལྕགས་ཟམ་ཅིག་ བཟོ་སྐྲུན་འབད་ནི་ཨིནམ་ད་ ཟམ་གྱི་གཞི་རྟེན་རྩིགཔ་ རྐྱབ་ནིའི་ལཱ་དེ་ ཆུ་ཁ་ལུ་ཡོད་མི་ མིསི་ཌི་ལྷན་ སྒེར་གྱི་བཟོ་སྐྲུན་ལས་སྡེ་ལུ་ བྱིན་ཡོདཔ་ཨིན་པས།

མཁོ་སྒྲུབ་ཀྱི་ལཱ་ཚུ་ གྲ་སྒྲིག་སོང་ཡོདཔ་ལས་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ཡང་ འགོ་བཙུགས་ཡོདཔ་ད་ མིསི་ཌི་ལྷན་བཟོ་སྐྲུན་ལས་སྡེའི་ཇོ་བདག་ དམ་ཆོས་ཚེ་རིང་གིས་ སླབ་མིའི་ནང་ གནམ་བྱཱར་འགོ་མ་བཙུགསཔ་ཅིག་ལས་ ལཱ་མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལཱ་མཇུག་བསྡུ་ནིའི་ དུས་ཡུན་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༣ ཚུན་ཨིན་རུང་ སྤྱི་ཟླ་༥ དེ་ཅིག་ནང་ མཇུག་བསྡུ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ ཟམ་གྱི་གཞི་རྟེན་རྩིག་གྱང་ བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༧.༡ བཞག་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *