༉ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ འགོ་འདྲེན་འཐབ་མི་ དགའ་བ་གླིང་གི་ ན་གཞོན་༢༤ ཁ་ཙ་ དུས་ཡུན་སྐར་མ་༣༠ གི་རིང་ འཕུར་འགྲུལ་ཐོག་ སྤ་རོ་གནང་འཁོད་ཀྱི་ མཛེས་ཆ་ལྡན་པའི་ ལུང་གཤོང་ཚུ་ བལྟ་ནི་གི་ གོ་སྐབས་ཐོབ་ནུག།
འཕུར་འགྲུལ་ལས་རིམ་དེ་ཡང་ འབྲུག་མཁའ་འགྲུལ་ལས་འཛིན་ འབྲུག་ཨེ་ཡར་གྱིས་ འགོ་འདྲེན་འཐབ་ཡོདཔ་ད་ ཨ་ལོ་ཚུ་ རྒྱལ་ཁབ་ནང་འཁོད་ལས་ བརྡུང་རྫོབ་དང་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་བྱུང་མི་ ནང་འཁོད་རྩུབ་སྤྱོད་ དེ་ལས་ དྭ་ཕྲུག་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ ལས་སྡེ་གིས་ དགའ་བ་གླིང་དགའ་སྐྱིད་ཁྱིམ་ནང་ བདག་འཛིན་འབད་དེ་ བཞག་མི་ཚུ་ཨིན་པས།
ལས་རིམ་དེ་ནང་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ སྐྱབས་འཛིན་པ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་གིས་ དགའ་བ་གླིང་གི་ ཨ་ལོ་ཚུ་གིས་གཙོས་པའི་ འབྲུག་མཁའ་འགྲུལ་ལས་འཛིན་དང་ བྷུ་ཊཱན་ཨེ་ཡར་ལ་ཡེན་གྱི་ དེད་དཔོན་ཚུ་དང་ མཇལ་ཕྲད་གནང་ཡི།
ལས་འཛིན་གྱི་ བརྡ་བརྒྱུད་མགྲིན་ཚབ་ འཇམ་དབྱངས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ དགའ་བ་གླིང་རེ་འདོད་ཀྱི་ཟེར་ གནམ་གྲུའི་དེད་དཔོན་ཚུ་གིས་ སླབ་མི་དང་འཁྲིལ་ ཨ་ལོ་ཚུ་ལུ་ རེ་བ་ག་ཅི་ཡོདཔ་ཨིན་ན་ ཐོ་སྤྲོད་མི་དང་འཁྲིལ་ འཕུར་འགྲུལ་ལས་རིམ་ འགོ་དང་པ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
སྐྱེས་ལོ་༥ ལས་༢༠ གི་བར་ན་འབད་མི་ ཨ་ལོ་ཚུ་གིས་ རེ་འདོད་དང་འཁྲིལ་ཏེ་ ཐོ་བཀོད་འབད་མི་ ཅ་ཆས་ཚུ་ཡང་ འབྲུག་མི་དེད་དཔོན་ཚུ་གིས་ ཉོ་ཡོདཔ་བཞིན་དུ་ ཨ་ལོ་རེ་ལུ་ ཅ་ཆས་མ་འདྲཝ་༣-༤ དེ་རེ་ མཁོ་སྒྲུབ་འབད་མི་མི་ཚུ་ཡང་ མི་དབང་རྒྱལ་ཡུམ་མཆོག་གིས་སྦེ་གནང་ཡི།
ཁ་ཙའི་ལས་རིམ་སྐབས་ ཨ་ལོ་ཚུ་གིས་ འབྲུག་ཧེ་ལི་ཀོབ་ཊར་ཞབས་ཏོག་དང་ གནམ་གྲུ་བཞག་སར་ གནམ་གྲུ་ཚུ་ བལྟ་ནི་གི་ གོ་སྐབས་ཡང་ ཐོབ་ཡོདཔ་ཨིན་པས།
ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ལས་རིམ་དང་ ལས་སྡེའི་ཞབས་ཏོག་ ཡུན་བརྟན་སྦེ་ གནས་ཐབས་ལུ་ དེད་དཔོན་ཁས་བླངས་པ་ཚུ་གིས་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་བྱིན་ནི་ལུ་ ཁས་བླངས་འབད་དེ་ཡོད་པའི་ཁར་ ལས་འཛིན་དང་ ལས་སྡེའི་བར་ན་ མཉམ་འབྲེལ་ལུ་བརྟེན་ དཀའ་ངལ་ཅན་གྱི་ ན་གཞོན་དང་ ཨམ་སྲུ་ཚུ་ལུ་ ལྷན་ཐབས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ད་རེས་ ན་གཞོན་ཚུ་ལུ་ གནམ་གྲུའི་ཐོག་ལུ་ རྒྱལ་ཁབ་ཀྱི་ ལུང་གཤོང་ཚུ་ བལྟ་ནི་གི་ གོ་སྐབས་ བྱིན་མི་དེ་ཡང་ འཕུར་འགྲུལ་གྱི་ ཉམས་མྱོང་འཐོབ་ནིའི་དོན་ལུ་ཨིན་ཟེར་ བཀོད་ཁྱབ་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ རྟ་མགྲིན་དབང་མོ་གིས་ སླབ་མིའི་ནང་ ས་རིམ་དེ་ནང་ ཨ་ལོ་༢༤ ཡོད་མིའི་གྲས་ལས་༥ གློ་བུར་ལྟེ་བའི་ནང་ བཞག་སྟེ་ཡོདཔ་ད་ ཨ་ལོ་༢༢ དེ་ གཏན་འཇགས་ཐོག་ལུ་ དགའ་བ་གླིང་བཞག་སྟེ་ཡོད་ཟེར་ཨིན་པས།
འབྲུག་ཨེ་ཡར་གྱི་ དེད་དཔོན་༡༦ དང་ བྷུ་ཊཱན་ཨེ་ཡར་ལེན་གྱི་ དེད་དཔོན་༨ བརྩིས་ཏེ་ དེད་དཔོན་ཁས་བླངས་པ་༢༤ གིས་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ ཞབས་ཏོག་དང་ དགའ་བ་གླིང་དགའ་སྐྱིད་སྡོད་ཁྱིམ་དེ་ རྒྱལ་ཡུམ་ཕན་བདེ་བློ་གཏད་ཀྱི་ སྐྱབས་འཛིན་འོག་ལུ་ ཡུན་བརྟན་བཞག་ཐབས་ལུ་ ལོ་༡༠ གྱི་རིང་ ལོ་བསྟར་བཞིན་དུ་ གྲོགས་རམ་བྱིན་ནི་སྦེ་ ཁས་བླངས་འབད་དེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྤྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༡༡ ལུ་ འབྲུག་ཨེ་ཡར་གྱི་དེད་དཔོན་ ཡབ་དོན་གྲུབ་རྒྱལ་མཚན་གྱི་ འགོ་འདྲེན་ཐོག་ དེད་དཔོན་༢༣ གྱིས་ ལས་སྡེ་ལུ་ དངུལ་ཀྲམ་༢༠༠,༠༠༠ གྲོགས་རམ་སྦེ་ བྱིན་མི་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་དང་ རྒྱལ་ཁབ་ནང་ དཀའ་ངལ་ཅན་གྱི་ ཨམ་སྲུ་དང་ བུམོ་ དེ་ལས་ ཨ་ལོ་ཚུ་ལུ་ གོ་སྐབས་བཟོ་གནང་མི་གི་ གུས་བཏུད་ཞུ་ཐབས་ལུ་ཨིན་པས།
གནམ་གྲུའི་དེད་དཔོན་ ཁས་བླངས་པ་ཚུ་གིས་ ད་ལྟོ་ཚུན་ཚོད་ དགའ་བ་གླིང་གི་ ཨ་ལོ་ཚུ་ལུ་ དངུལ་ཀྲམ་ས་ཡ་༢.༦༤༧ ལྷགཔ་ཅིག་ གྲོགས་རམ་སྦེ་ བྱིན་ཡོདཔ་བཞིན་དུ་ མ་དངུལ་ཚུ་ཡང་ དེད་དཔོན་ཚུ་གི་ དངུལ་ཕོགས་ལས་ ཟླ་རིམ་བཞིན་དུ་ བཏོག་དོ་ཡོད་པའི་གནས་ཚུལ།
སྤ་རོ་ལས་ ཨོ་རྒྱན་རྡོ་རྗེ།