དཀྱིལ་འཁོར་ཐང་ལྷ་ཁང་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་མེདཔ།

༉ རྩི་རང་ལུ་ དཀྱིལ་འཁོར་ཐང་རྒེད་འོག་ལྷ་ཁང་བཞེངས་ཏེ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་ལང་རུང་ ལྷ་ཁང་དེ་ ལག་ལེན་ཉུང་སུ་ཅིག་ལས་ འཐབ་ནི་མེདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་ལུ་ གཡུས་མི་ཚུ་ རྒེད་འོག་གི་ ལྷ་ཁང་མཇལ་བར་འགྱོ་ནི་མེན་པར་ གྲྭ་ཚང་དང་ འགྲམ་ཕུག་ལུ་ཡོད་པའི་ ཁྲོས་མ་ལྷ་ཁང་མཇལ་བར་ སོང་ཡོདཔ་བཞིན་དུ་ རྒེད་འོག་ལྷ་ཁང་དེ་ སྒོ་བསྡམས་ཏེ་ར་ བཞག་དགོཔ་བྱུང་ནུག།
ས་གཙང་མ་སྤྱི་འོག་མཇུག་ལུ་ བཞེངས་ཡོད་མི་ལྷ་ཁང་དེ་ མ་གཞི་ བདེ་སྐྱིད་གླིང་དང་ ས་གཙང་མ་ དེ་ལས་ ཉི་ཟེར་སྒང་སྤྱི་འོག་༣ གྱི་སྦུག་ལུ་ བཞེངས་དགོཔ་ཨིན་རུང་ ཚལ་མ་ནང་ མི་སྡེ་གིས་ ལྷོད་མ་ཚུགས་སར་ ཆགས་ཡོདཔ་ཨིན་པས།
གཡུས་ཁའི་མི་དང་ ས་གཙང་མ་ཚོགས་པ་ཨིན་མི་ ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ མ་གཞི་ རྒེད་འོག་ནང་ ལྷ་ཁང་ཡོད་དེ་འབད་རུང་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་མ་ཚུགས་མི་དེ་ཡང་ ལྷ་ཁང་ཆགས་སའི་ས་གོ་དེ་ ལམ་ཐག་རིང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ལྷ་ཁང་གི་ས་ཁོངས་ལས་ ཁྱིམ་གུང་ ཐག་ཉེ་ཤོས་དེ་ར་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ཡོདཔ་ད་ མི་སྡེ་གི་དོན་ལུ་ བཞེངས་མི་ལྷ་ཁང་དེ་ གཡུས་ཚན་གྱི་ཕྱི་ཁར་ ཆགས་མི་ལུ་བརྟེན་ མི་ཚུ་གིས་ དུས་དང་རྣམ་པ་ཀུན་ཏུ་ ལག་ལེན་འཐབ་དགོ་པ་ཅིན་ སྤོ་བཤུད་འབད་དགོཔ་ཡོད་ཟེར་ ཀུན་ལེགས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ ལྷ་ཁང་སྤོ་བཤུད་འབད་ནིའི་དོན་ལུ་ གཡུས་མི་ག་ར་གིས་ལྷོད་ཚུགས་མི་ ས་ཁོངས་ཅིག་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
ལྷ་ཁང་གི་བླམ་ ཟླ་བ་བཀྲིས་དེ་ དུས་ཅིའི་ལོ་ འགོ་བཙུགས་ཁམས་ལུ་ ལྷ་ཁང་གི་བླམ་སྦེ་ བསྐོ་བཞག་འབད་ཡོདཔ་ད་ ད་ཚུན་ ལྷ་ཁང་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ ག་ཅི་ཡང་ འགོ་འདྲེན་མ་འཐབ་པའི་ཁར་ ཟླཝ་དག་པ་ཅིག་གི་རིང་ ལྷ་ཁང་གི་ བྱང་དང་ཤིང་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཉམས་བཅོས་འབད་དེ་ སྡོད་ནུག།
མ་གཞི་ ལྷ་ཁང་ཉམས་བཅོས་ཀྱི་ལཱ་དེ་ ཁག་འབགཔ་ལུ་ ལཱ་གི་དབྱེ་རིམ་ཆུང་ཀུའི་གྲངས་སུ་སྦེ་ སྤྲོད་ཡོད་རུང་ ཉམས་བཅོས་སྦོམ་སྦེ་ རྐྱབ་དགོཔ་ཐོན་ཡོདཔ་ད་ ད་ལྟོ་ ལྷ་ཁང་ནང་ རག་རོ་ཚུ་གིས་གང་སྟེ་ཡོདཔ་ལས་ ལྷ་ཁང་གི་ནང་རྟེན་ཚུ་ ཁོ་རའི་ ཁྱིམ་ནང་ཡོད་ཟེར་ བླམ་གྱིས་ བཤདཔ་ཨིན་པས།
བླམ་ཟླ་བ་བཀྲ་ཤིས་ཀྱིས་ སླབ་མིའི་ནང་ ལྷ་ཁང་ནང་ ཁོ་ར་རྐྱངམ་གཅིག་སྦེ་ སྡོད་ནི་ལུ་ཡང་ འཇིགས་སྣང་ལངམ་མས་ཟེར་ཨིནམ་ད་ འཁོར་ལམ་ལེགས་ཤོམ་མེད་པའི་ཁར་ གནམ་བྱཱར་ཆརཔ་གི་དུས་ཚོད་ལུ་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་བའི་ཁར་ ལྷ་ཁང་དེ་ རོང་ཆུ་༢ ཀྱི་སྦུག་ལུ་ཨིནམ་ལས་ ལྷ་ཁང་གི་ས་ཁོངས་དེ་ར་ ཆུ་རུད་འཐོན་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ལྷ་ཁང་དེ་ སྤྱི་ལོ་༢༠༠༩ ལུ་བཞེངས་ཡོདཔ་ད་ དུས་ཚོད་མང་ཤོས་ར་ ལྡི་མིག་རྐྱབ་སྟེ་ ལུས་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *