ཚོང་དང་གཅིག་ཁར་ སྒོ་ནོར་ཐོན་སྐྱེད་ཚུ་བཙོང་མི་ ཟླ་བ་སྒྲོལམ་གི་ སྣ་

དཀར་སྦིས་སའི་ སྒོ་ནོར་ཐོན་སྐྱེད་སྡེ་ཚན་ལུ་ ཐོན་སྐྱེད་ཚུ་ བཙོང་ས་མེད་པའི་དཀའ་ངལ།

༉ ད་རེས་ སྤུ་ན་ཁ་དཀར་སྦིས་ས་སྤྱི་འོག་གི་ སྒོ་ནོར་ཐོན་སྐྱེད་བཙོང་མི་ མི་སེར་ཚུ་ལུ་ ཁོང་གི་ཐོན་སྐྱེད་ཚུ་ བཙོང་ནིའི་དོན་ལས་ ཚོང་ཁང་གཞི་བཙུགས་འབད་ཐབས་ལུ་ ས་ཁོངས་གསརཔ་ཅིག་ འཚོལ་དགོཔ་བྱུང་ནུག།
སྤྱི་ལོ་༢༠༡༦ ལུ་ སྒོ་ནོར་ཐོན་སྐྱེད་བཙོང་ནིའི་དོན་ལུ་ ས་ཁོངས་འཚོལ་མི་ཚུ་ གཅིག་ཁར་འཛོམས་ཐོག་ལས་ སྡེ་ཚན་བཟོ་ཡོདཔ་ད་ ད་རེས་ སྒོ་ནོར་ཐོན་སྐྱེད་ཚུ་ སྡེ་ཚན་གྱི་ འཐུས་མི་ཚུ་གིས་རྐྱབ་ཡོད་མི་ འཐུས་མི་ཅིག་ཨིན་མི་ ཟླ་བ་སྒྲོལམ་གི་ སྣ་ཚོགས་ཚོང་ཁང་དང་གཅིག་ཁར་ བཙོང་གནང་ཟེར་ སླབ་ཡོདཔ་ཨིན་པས།
སྡེ་ཚན་གྱི་ཁྲི་འཛིན་ དཀར་མདོག་གིས་ སླབ་མིའི་ནང་ ད་ལྟོ་ཡོད་པའི་ ཚོང་ཁང་དེ་ སྤྱི་ལོ་༢༠༡༦ ལུ་ འཐུས་མི་ཚུ་གིས་ ས་ཆ་གླ་ཁར་ལེན་ཐོག་ལས་ རྐྱབ་ཅི་ཟེར་ཨིནམ་ད་ གླ་ཁའི་དུས་ཚོད་དེ་ འདས་པའི་ལོ་ནང་ རྫོགས་སོཔ་ལས་ ད་རེས་ ཚོང་ཁང་གི་དོན་ལུ་ ས་གོ་གསརཔ་ཅིག་ དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒོ་ནོར་ཐོན་སྐྱེད་ཚུ་ བཙོང་ཐབས་ལུ་ ས་གོ་གསརཔ་ ངོས་འཛིན་འབད་ནིའི་དོན་ལུ་ ཞལ་འཛོམས་དང་ གྲོས་བསྟུན་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ད་ལྟོ་ཡོད་པའི་ ཚོང་ཁང་དེ་ རྒེད་འོག་ལྟེ་བ་འགྱོ་སའི་ལམ་ཁར་ དཀར་སྦིས་ས་སློབ་གྲྭའི་ ཉེ་འདབས་ལུ་ ཡོདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ རྡོ་ཕུག་གིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༦ ལུ་ ཚོང་ཁང་རྐྱབ་ནིའི་དོན་ལས་ རྩི་ས་དང་ ཤིང་ཆས་ལ་སོགས་པའི་ མཐུན་རྐྱེན་ཚུ་ བྱིན་ཡི་ཟེར་ཨིནམ་ད་ སྡེ་ཚན་གྱིས་ ས་ཁོངས་གསརཔ་ འཚོལ་མ་འཐོབ་ཚུན་ སའི་ཇོ་བདག་ལུ་ ས་ཆ་ཆུང་ཀུ་ཅིག་ དགོཔ་སྦེ་སླབ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒོ་ནོར་ཐོན་སྐྱེད་ཚུ་ བཙོང་ནི་དེ་ ལཱ་ཁག་ཡོདཔ་བཞིན་དུ་ ས་ཁོངས་གསརཔ་དགོཔ་ལས་ འཆར་གཞི་༡༢ པའི་ནང་ རྒེད་འོག་ལྟེ་བའི་ ཉེ་འདབས་ལུ་ ས་ཆ་ཅིག་དགོཔ་སྦེ་ ཞུ་བ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཟླ་བ་སྒྲོལམ་གི་ ཚོང་ཁང་ནང་ སྒོ་ནོར་ཐོན་སྐྱེད་བཙོང་མི་ སྡེ་ཚན་གྱི་ འཐུས་མི་༢༥ དེ་ཅིག་ ཡོདཔ་ཨིན་པས།
ཟླ་བ་སྒྲོལམ་གིས་ སླབ་མིའི་ནང་ སྤྱིར་སྙོམས་ལུ་ ཟླལ་༡ ནང་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ཟླཝ་༡ ནང་ དངུལ་ཀྲམ་༡༠༠,༠༠༠ ཡང་ བཟོ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ གནམ་དགུན་ལུ་ དེ་ཁའི་མི་ཚུ་གིས་ ལོ་ཆོག་བཏང་དོ་ཡོདཔ་ལས་ སྒོ་ནོར་ཐོན་སྐྱེད་ཚུ་ མི་ཉོ་དོ་ཡོད་མི་ལུ་བརྟེན་ འོང་འབབ་དེ་ཅིག་ བཟོ་མི་ཚུགས་པས་ཟེར་ཨིན་པས།
སློབ་གྲྭ་དང་ རྒེད་འོག་ལྟེ་བ་ དེ་ལས་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ ཐོན་སྐྱེད་དེ་ཚུ་ ཉོ་དོ་ཡོདཔ་ད་ སྡེ་ཚན་གྱིས་ ཚོང་ཁང་ནང་ བཙོང་པར་འབག་མི་ སྒོ་ནོར་ཐོན་སྐྱེད་ཚུ་གི་ ཐོ་བཀོད་བཞག་དོ་ཡོདཔ་ལས་ ཟླ་རིམ་བཞིན་དུ་ ཟླ་བ་སྒྲོལམ་གིས་ ཐོན་སྐྱེད་ཚུ་བཙོང་སྟེ་ཐོབ་མི་ ཏི་རུ་བསྐྱལ་བར་ འགྱོ་དོ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཁོང་གིས་ ལམ་ལུགས་ཅིག་ བཟོ་ཡོད་ཟེར་ཨིནམ་ད་ མོ་གིས་ དངུལ་ཀྲམ་༢༥ རེ་སྦེ་ མི་ཚུ་ལས་ དར་ཚིལ་ཉོ་ཞིནམ་ལས་ དངུལ་ཀྲམ་༢༧ རེ་སྦེ་ བཙོང་དོ་ཟེར་ཨིནམ་ད་ དང་པ་ར་ ཐོན་སྐྱེད་དེ་ཚུ་ དེ་ཁའི་མི་ཚུ་ལུ་ བཙོང་དོ་ཟེར་ཨིནམ་ད་ ལྷག་ལུས་ཡོད་པ་ཅིན་ ཁུ་རུ་ཐང་དང་ ཐིམ་ཕུག་ལུ་ བཙོང་དོ་ཟེར་ཨིནམ་ལས་ དཀར་སྦིས་ས་མེན་པའི་ ས་ཁོངས་གཞན་ཚུ་ནང་ གོང་ཚད་ག་དེམ་ཅིག་སྦེ་བཙོང་རུང་ མོ་གིས་ བཙོང་ཚུགས་ཟེར་ཨིན་པས།
ཚོང་ཁང་དེ་ནང་ དར་ཚིལ་དང་ མར་ དེ་ལས་ ཨོམ་ཚུ་ བཙོང་དོ་ཡོདཔ་བཞིན་དུ་ དཀར་སྦིས་ས་ལུ་ ཁྱིམ་གུང་པ་༡༦༨ དེ་ཅིག་ ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *