དཀར་སྦིས་ས་ལུ་ གཅན་གཟན་སྟག་ཅིག་ མཐོང་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་གི་ས་གནས་ དཀར་སྦིས་ས་ལུ་སྡོད་མི་ཅིག་གིས་ དྲོ་པའི་ཆུ་ཚོད་ ཕྱེད་དང་༥ དེ་ཅིག་ཁར་ བེང་གཱལ་སྟག་ཅིག་ ས་ཁོངས་དེ་ནང་གི་ རོང་ཆུ་ཅིག་ནང་ ཆུ་འཐུང་སྡོད་སར་མཐོང་སྟེ་ པར་བཏབ་ཡོད་མི་དེ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ དར་ཁྱབ་སོང་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དཀར་སྦིས་ས་ལུ་ དྲོ་པ་རྐྱངམ་གཅིག་ མི་གིས་མཐོང་ཡོད་རུང་ སྟག་དེ་ ས་ཁོངས་དེ་ནང་ དེ་ཚེ་ནུབ་མོ་ ལྷོད་ལྷོདཔ་འོང་ནི་མས་ཟེར་ཨིནམ་ད་ སེམས་ཅན་དེ་ གཡང་འཕེལ་སྐྱིད་གནས་ཁང་གི་ ཉེ་འདབས་ལུ་ མཐོང་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་ཡོད་མི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ རྒྱལ་མཚན་འབྲུག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ སྟག་བཞག་སའི་ ས་ཁོངས་མེད་དེ་འབད་རུང་ མཐོང་ཚུགས་ཟེར་ཨིན་པས།
སེམས་ཅན་སྟག་ཚུ་ མཐོང་ཚུགས་མི་དེ་གིས་ རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་འཁྱམས་སའི་ས་ཁོངས་ཚུ་ ཉམས་སྲུང་འབད་ནིའི་ཐབས་ལམ་ སྒྲིང་སྒྲི་ཡོད་པའི་ བརྡ་མཚོན་ཨིན་མས་ཟེར་ བཤད་པའི་ཁར་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ གཅན་གཟན་སྟག་༡༠༣ ཡོད་ཟེར་ཨིན་པས།
དུས་ཚོད་འ་ནེམ་ཅིག་ཁར་ སྟག་ཚུ་མཐོང་ནི་དེ་ རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ སེམས་ཅན་དེ་ཚུ་ ས་ཁོངས་དེ་བཟུམ་ནང་ མཐོང་སྲོལ་མེད་དོ་ཡོདཔ་ཨིན་རུང་ འབྲུག་ལུ་འབད་བ་ཅིན་ ཧེ་མ་ལས་ མུ་ཏིག་ཐང་དང་ རྡོ་སྐྱོང་ལ་ཚུ་ནང་ཡང་ མཐོང་བའི་ལོ་རྒྱུས་ཡོད་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སྟག་གི་ལོ་ཚད་ ཤེས་མ་ཚུགས་རུང་ རྐང་རྗེས་ལུ་བལྟ་བ་ཅིན་ ལོ་ན་རྒས་མི་ཅིག་འོང་ནི་མས་ཟེར་ཨིནམ་ད་ རྒྱལ་མཚན་གྱིས་འབད་བ་ཅིན་ ལྟོ་ཐོབ་མ་ཚུགས་མི་དང་ ཁོ་ར་འཁྱམས་སའི་ས་ཁོངས་ནང་ སེམས་ཅན་གཞན་དང་སྟག་ཚུ་འོང་ནི་དེ་གིས་ཡང་ ས་ཁོངས་དེ་ནང་ ཐོན་ཐོནམ་འོང་ཟེར་ཨིན་པས།
ཨིན་རུང་ ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ སྟག་དེ་གི་སྐོར་ལས་ ཞིབ་དཔྱད་འབད་དོ་ཟེར་ཨིན་པའི་ཁར་ རི་དྭགས་སེམས་ཅན་སྲུང་སྐྱོབ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སྟག་དེ་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་སྟག་ཞིབ་འཚོལ་འབད་བའི་སྐབས་ པར་ཆས་ནང་ མཐོང་མི་དེ་ཨིན་པའི་ ངོས་འཛིན་བྱུང་ནུག།
ཞིབ་འཚོལ་འབད་བའི་སྐབས་ སྟག་དེ་ སིན་ཅུ་ལ་དང་ རྡོ་སྐྱོང་ལ་ དེ་ལས་ ཕྱག་མི་ནང་གི་བར་ན་ མཐོང་ཡོདཔ་ད་ ས་ཁོངས་དེ་ཚུ་ སྟག་འཁྱམས་སའི་ས་ཁོངས་ཨིན་པའི་ཁར་ དཀར་སྦིས་ས་ལུ་ཐོན་མི་དེ་ ག་ཐོབ་སྦེ་ འོང་འོངམ་མེནམ་འོང་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དཀར་སྦིས་ས་ལུ་ཐོན་མི་སྟག་དེ་ པར་ནང་ལྟཝ་ད་ མོ་ཨིནམ་བཟུམ་ཅིག་ འདུག་ཟེར་ཨིནམ་ད་ སེམས་ཅན་སྟག་དེ་ཚུ་ ནགས་ཚལ་ནང་འཁྱམས་མི་ལུ་བརྟེན་ སེམས་ཅན་གཞན་གྱི་རིགས་ཚུ་ཡང་ འཁྱམས་ཚུགས་དོ་ཡོདཔ་ཨིན་པས།
ཨིན་རུང་ གཅན་གཟན་སྟག་དེ་ ད་ལྟོ་ཡང་ རབ་ཆད་ནིའི་ ཉེན་ཁ་ཡོད་པའི་རིགས་ཅིག་ཨིནམ་ད་ དེ་ཡང་ མི་ཚུ་གིས་ ཁེ་སང་བཟོ་ནི་དང་ གནོདཔ་བཀལ་མི་ལུ་བརྟེན་ བསད་དོ་ཡོདཔ་ད་ འཁྱམས་སའི་ས་ཁོངས་ཚུ་ནང་ བཟོ་གྲྭ་ཁང་དང་ གོང་འཕེལ་གྱི་ལཱ་ཚུ་ འབད་མི་དེ་གིས་ཡང་ ཉམས་འགྱོ་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *