ཤིང་གི་ལྕངམ་ཚུ་ བཙུགས་པའི་བསྒང་།

དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྟོན་བརྩི་སྲུང་ཞུ་ཡོདཔ།

༉ ཁ་ཙ་ མོང་སྒར་རྫོང་ཁག་གིས་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་ དགུང་ལོ་༢༧ བཞེས་པའི་ རྟེན་འབྲེལ་བརྩི་སྲུང་ཞུ་ནིའི་དོན་ལུ་ རབ་སྡེའི་ལྷ་ཁང་ནང་སྦེ་ དཀར་མེ་སྟོང་མཆོད་ ཕུལ་ཡོད་པའི་ཁར་ ཤིང་གི་ལྕངམ་ཚུ་ བཙུགས་ཡོདཔ་མ་ཚད་ ཕྱགས་བདར་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཅི།

དེ་ཡང་ རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་ དབུ་བཞུགས་ཐོག་ལས་ དགེ་སློང་ཚུ་གིས་ མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དང་ མཛད་པ་འཕྲིན་ལས་དར་ཞིང་རྒྱས་ཐབས་ལུ་ སྨོན་ལམ་དང་ དཀར་མེ་སྟོང་མཆོད་ ཕུལ་ཡི།
རྫོང་ཁག་རང་བཞིན་གནས་སྟངས་ལས་སྡེ་དང་ ལུང་ཕྱོགས་ནགས་ཚལ་སྡེ་ཚན་༢ ཀྱིས་ མཉམ་རུབ་ཐོག་ལས་ མོང་སྒར་ཁྲོམ་གྱི་ས་ཁོངས་དང་ རྫོང་གི་མཐའ་འཁོར་ དེ་ལས་ ལས་ཁུངས་ཁག་གི་ ཡིག་ཚང་ཚུ་གི་ སྦོ་ལོགས་ཁར་ ཤིང་གི་ལྕངམ་༥༠༠ ལྷགཔ་ཅིག་ བཙུགས་ཅི།
ཤིང་གི་ལྕངམ་ཚུ་ཡང་ རྫོང་ཁག་གི་འགོ་དཔོན་དང་ ཁྲོམ་སྡེ་ལས་ མི་གྲངས་༡༠༠ ལྷགཔ་ཅིག་གིས་ བཙུགས་ཡོདཔ་བཞིན་དུ་ ཤིང་གི་ལྕངམ་ཚུ་ ལུང་ཕྱོགས་ནགས་ཚལ་ཡིག་ཚང་དང་ ཝེང་མཁར་རང་བཞིན་སླར་འབྱུང་ཞིབ་འཚོལ་ལྟེ་བ་གིས་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
མོང་སྒར་ཁྲོམ་དང་ སློབ་གྲྭ་ཁག་ དེ་ལས་ ས་གནས་ཁག་ཚུ་ནང་ ཕྱགས་བདར་ལས་རིམ་ཚུ་ འགོ་འདྲེན་ཡོདཔ་བཞིན་དུ་ མོང་སྒར་ཁྲོམ་རྐྱངམ་གཅིག་ལས་ ཕྱགས་སྙིགས་རག་རོ་ མེ་ཊིག་ཊཱོན་༢ དེ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *