༉ ཁ་ཙ་ འབྲུག་གི་དངུལ་ཁང་དང་ དངུལ་རྩིས་ལྷན་ཁག་ འོང་འབབ་དང་ ཅ་དམ་ཡིག་ཚང་༢ མཉམ་འབྲེལ་ཐོག་ལས་ དངུལ་ཁང་གི་ ཡོངས་འབྲེལ་ཞབས་ཏོག་ ཨེམ་བོབ་འགོ་འབྱེད་འབདཝ་ལས་ ཁྲལ་བཏབ་ནི་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་ནི་གི་ རེ་བ་ཡོདཔ་ཨིན་པས།
དངུལ་འབྲེལ་མཐུན་རྐྱེན་དེ་ཡང་ དངུལ་རྩིས་ལྷན་ཁག་གི་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ འགོ་འབྱེད་འབད་ཡི།
ད་ཚུན་ ཁྲལ་བཏབ་མི་ཚུ་གིས་ རང་སོའི་ཁྲལ་གྱི་རིགས་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ ཡིག་ཚང་དང་ ཡང་ཅིན་ དངུལ་ཁང་ནང་ འགྱོ་ཐོག་ལས་ བཏབ་ནི་ཡོདཔ་ད་ ཞབས་ཏོག་གསརཔ་ལུ་བརྟེན་ ད་ལས་ཕར་ རེ་མིསི་ཟེར་མི་རིམ་ལུགས་ནང་ལས་ དངུལ་བཙུགས་བཞག་གི་ རྩིས་ཤོག་ཨང་གྲངས་ ལེན་ཞིནམ་ལས་ ཨེམ་བོབ་ལག་ལེན་འཐབ་སྟེ་ ཁྲལ་བཏབ་ཚུགས་ནི་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཚུ་གིས་ མཐུན་རྐྱེན་གསརཔ་དེ་ དངུལ་ཁང་གིས་ འདས་པའི་ལོ་ངོ་དག་པ་ཅིག་གི་ཧེ་མར་ ཡོངས་འབྲེལ་ཐོག་ལས་ ཁྲལ་བཏབ་བཏུབ་བཟོ་མིའི་ མཐུན་རྐྱེན་གྱི་ ལྷན་ཐབས་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་ པདྨ་ན་དིག་གིས་ སླབ་མིའི་ནང་ ཞབས་ཏོག་གསརཔ་དེ་གིས་ ཁྲལ་ཚུ་འཇམ་ཏོང་ཏོ་དང་ དུས་ཚོད་ཁར་ བཏབ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
དངུལ་ཁང་གིས་ ཨེམ་བོབ་ཞབས་ཏོག་དེ་ འགོ་དང་པ་ སྤྱི་ལོ་༢༠༡༥ ཟླ་༥ པའི་ཚེས་༡༥ ལུ་ གཞི་བཙུགས་འབད་བའི་ཤུལ་ལས་ ད་ཚུན་ རྒྱལ་ཁབ་ནང་ ཐོ་བཀོད་ཅན་གྱི་ ཞབས་ཏོག་སྤྱོད་མི་༨༠,༠༠༠ ལྷགཔ་ཅིག་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྒྱལ་ཁབ་ནང་ དངུལ་ཁང་རྙིང་ཤོས་ཨིན་མི་ འབྲུག་གི་དངུལ་ཁང་དེ་ སྤྱི་ལོ་༡༩༦༨ ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ནངས་པ་ རྫོང་ཁག་ཚུ་ནང་ ཡན་ལག་ཡིག་ཚང་༥༡ དང་ རྒྱ་སྐྱེད་འབྲེལ་སྟེགས་༡༥ གཞི་བཙུགས་འབད་དེ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།