༉ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ སྤྲོ་སྟོན་ཁང་གི་ ཆོག་ཐམ་བྱིན་ནིའི་ འགན་ཁུར་དེ་ བསྟན་རྒྱས་ལྷན་ཁག་ལུ་ རྩིས་སྤྲོད་འབད་མི་དེ་ཡང་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་བཅའ་ཁྲིམས་༢༠༡༨ ཅན་མ་དང་འཁྲིལ་ཏེ་ཨིན་པས།
བཅའ་ཁྲིམས་ཀྱི་ ལེའུ་༥ པའི་དོན་ཚན་༢ པ་དང་འཁྲིལཝ་ད་ སྤྲོ་སྟོན་ཁང་གི་ ས་ཁོངས་ཚུ་ཡང་ གློག་བརྙན་ཁང་དང་ འཁྲབ་ཁང་དང་ གླུ་གར་སྤྲོ་སྟོན་ཁང་ སྙན་ཆའི་སྤྲོ་ཁང་ རྩེད་ཁང་ དམངས་དོན་སྤྲོ་ཁང་ ཆང་ཁང་ཚུ་ནང་ དངོས་མཐོང་དང་ ཡང་ཅིན་ སྒྲ་བཟུང་སྙན་ཆ་ སྒྲ་དབྱངས་ གླུ་དབྱངས་ མགྲོན་སྐྱོང་འབད་ས་ རྒྱང་མཐོང་གཟུགས་བརྙན་(བི་ཌའོ)་ ཡང་ཅིན་ གློག་རིག་(ཀམ་པུས་ཊར་)གྱི་ རྩེདམོ་རྩེ་སར་ སྒྱུ་རྩལ་འཁྲབ་སྟོན་ མིག་འཕྲུལ་གྱི་ལྟདམོ་ དུས་སྟོན་ སྙན་ཆའི་སྤྲོ་སྟོན་ རྩེད་སྟོན་དགའ་སྟོན་ སྐད་བཤེད་འཛིང་ས་ རྩེད་རིགས་ལས་རིམ་ རྩེད་འགྲན་ཁང་ཚུ་གི་ མཐུན་རྐྱེན་ཆ་ཚང་ལྡན་མི་དང་ དེ་དང་འདྲ་བའི་ སྤྲོ་སྟོན་ཁང་གཞན་ཚུ་ ཚུད་དོ་ཡོདཔ་བཞིན་དུ་ བསྟན་རྒྱས་ལྷན་ཁག་འདི་ སྤྲོ་སྟོན་ཁང་གི་ ས་ཁོངས་ཚུ་ གཞི་བཙུགས་འབད་ནིའི་ ཆོག་ཐམ་སྤྲོད་མིའི་ དབང་འཛིན་ཨིན་པས།
དབང་འཛིན་གྱིས་ བསྟན་རྒྱས་ལྷན་ཁག་ལུ་ རྫོང་ཁག་ཚུ་ནང་ སྤྲོ་སྟོན་ཁང་གི་ ཆོག་ཐམ་བྱིན་ཡོད་པའི་ ཡིག་ཆ་དང་ ཆོག་ཐམ་ལམ་ལུགས་ཀྱི་ གནས་སྡུད་གཞི་མཛོད་ དབང་འཛིན་དང་འབྲེལ་བའི་ཡིག་ཆ་ ཆོག་ཐམ་བསྐྱར་གསོ་མ་འབད་བའི་མིང་ཐོ་ ཡང་ཅིན་ ཁྲིམས་ལུགས་དང་མ་གནས་པར་ ཆོག་ཐམ་ཆ་མེད་བཏང་མི་ཚུ་ རྩིས་སྤྲོད་འབད་ནུག།
ལྷན་ཁག་ལུ་ རྩིས་སྤྲོ་འབད་ཡོད་པའི་ ཡིག་ཆ་ཚུ་ནང་ སྤྱི་ལོ་༢༠༠༩ ཟླ་༧ པའི་ནང་ ཐིམ་ཕུག་ལུ་ སྒྲ་དབྱངས་ཁང་ཅིག་གི་ ཆོག་ཐམ་བཀག་ཆ་འབད་བཞག་མི་དང་ ན་ཧིང་ སྤྱི་ཟླ་༡༢ པ་ལས་ ཐིམ་ཕུག་ཁྲོམ་སྡེ་གིས་ ཐིམ་ཕུག་ལུ་ སྤྲོ་སྟོན་ཁང་གི་ ཆོག་ཐམ་བྱིན་ནི་དེ་ གནས་སྐབས་ཅིག་ མཚཚམས་འཇོག་འབད་ཡོད་པའི་ ཡིག་ཆ་ཚུ་ཡོདཔ་ཨིན་པས།
དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ ཐིམ་ཕུག་ལུ་ སྤྲོ་སྟོན་ཁང་ལེ་ཤ་ཡོདཔ་ལས་ གནས་སྐབས་ཅིག་ ཆོག་ཐམ་བྱིན་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་རུང་ ཆོག་ཐམ་དེ་ ལོག་སྤྲོད་མི་སྤྲོད་ ལྷན་ཁག་གི་ དབང་ཚད་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལས་ཕར་ སྤྲོ་སྟོན་ཁང་ གཞི་བཙུགས་འབད་ནིའི་ འགན་ཁུར་དེ་ དབང་ཆ་ཡོད་པའི་ ལས་སྡེ་དང་ མི་སྟོབས་ དེ་ལས་ མཐུན་རྐྱེན་ཡོད་མི་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ལྷན་ཁག་ནང་ མཐུན་རྐྱེན་དང་ ལུང་ཕྱོགས་ཡིག་ཚང་ཚུ་ཡོདཔ་ལས་ འཇོན་ཐངས་ཅན་ཅིག་སྦེ་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ ཆོག་ཐམ་དང་འབྲེལ་བའི་ རྒྱབ་སྐྱོར་དང་ དོགས་སེལ་གྱི་དོན་ལུ་ དབང་འཛིན་དང་ འབྲེལ་བ་འཐབ་གནང་ཟེར་ཨིནམ་ད་ ད་ལས་ཕར་ ལྷན་ཁག་གིས་ སྤྲོ་སྟོན་ཁང་གི་ ཆོག་ཐམ་སྤྲོད་ནི་དང་ ལྟ་རྟོག་འབད་ནི་ དེ་ལས་ སྤྲོ་སྟོན་ས་ཁོངས་ནང་ མ་གནས་པའི་ ཉོགས་བཤད་ཀྱི་ འགན་ཁུར་ཚུ་ འབག་དགོཔ་ཨིན་རུང་ ཆོག་ཐམ་སྤྲོད་ནིའི་ བྱ་སྒོ་དང་ བཅའ་ཡིག་ སྒྲིག་གཞི་དེ་ ཨ་རྟག་བཟུམ་སྦེ་ སྡོད་ནི་ཨིན་པས།
ནང་བཟོ་དང་ བཟོ་གྲྭ་ཆུང་བ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྟ་མགྲིན་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ ཆོག་ཐམ་སྤྲོད་ནིའི་ ལམ་ལུགས་དེ་ སྤོ་སོར་འབད་ཡོདཔ་མ་གཏོགས་ བྱ་སྒོའི་གཞན་ཚུ་ ཧེ་མ་བཟུམ་སྦེ་ར་ སྡོད་འོང་ཟེར་ཨིནམ་ད་ ད་ལྟོ་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ ལྷན་ཁག་གི་ འགན་ཁུར་དེ་ རིམ་སྒྲིག་འབད་དོ་ཡོདཔ་ལས་ དེ་གིས་ འགན་ཁུར་ཚུ་ སོ་སོ་སྦེ་ མི་འགྱོ་ཟེར་ བཤདཔ་ཨིན་པས།
རྫོང་ཁག་དང་ ཁྲིམ་སྡེའི་སྤྲོ་སྟོན་ཆོག་ཐམ་ཚོགས་ཆུང་གིས་ སྤྲོ་སྟོན་ཁང་ གཞི་བཙུགས་འབད་ནིའི་ ཆོག་ཐམ་ཞུ་ཡིག་ཚུ་ བསྐྱར་ཞིབ་དང་ གྲོས་འདེབས་ཕུལ་ཚུགས་ནི་ཨིན་པས།
རྟ་མགྲིན་ཚེ་རིང་གིས་ སླབ་མིའི་ནང་ དབང་འཛིན་གྱི་ ཐབས་ཤེས་དང་ ལམ་ལུགས་ཐོག་ལུ་ ལག་ལེན་འཐབ་ནི་ལུ་ འཇམ་ཏོང་ཏོ་ བཟོ་སྟེ་འདུག་ཟེར་ཨིནམ་ད་ དབང་འཛིན་གྱིས་ བཅའ་ཡིག་དང་ སྒྲིག་གཞི་གིས་མ་དོ་བར་ ཉམས་མྱོང་དང་ ལག་ལེན་དང་འཁྲིལ་ཏེ་ བཅའ་ཡིག་དང་ སྒྲིག་གཞི་དེ་ཡང་ བསྐྱར་ཞིབ་འབད་ནུག་ཟེར་ཨིན་པས།
ད་རེས་དངས་པར་ རྒྱལ་ཁབ་ནང་ སྤྲོ་སྟོན་ཁང་༤༠༠ ཡོད་མིའི་གྲས་ལས་ ཐིམ་ཕུག་ལུ་༡༤༥ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ མགར་ས་དང་ ལྷུན་རྩེ་ལུ་ སྤྲོ་སྟོན་ཁང་རེ་ ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།