༉ ཧེ་མ་འབད་བ་ཅིན་ དར་དཀར་དཔལ་ལུ་ སྐྱ་བཏོག་མི་ཚུ་ འཚོལ་དགོཔ་མ་ཚད་ འཕྲལ་འཕྲལ་ར་ བུམོ་ཚུ་གི་ བཟོ་བཟོ་ཁང་ཚུ་ནང་སོང་སྟེ་ སྐྱ་བཏོག་དགོ་པའི་ དུས་སྐབས་བྱུང་མི་དེ་ ད་ལས་ཕར་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
དེ་ཡང་ སྐྱེས་ལོ་༤༨ ལང་མི་ ཁྲིམས་སྲུང་འགག་པ་བགྲེསཔ་ཅིག་ཨིན་མི་ སིན་བུ་དི་མཱན་གྱིས་ སྐྱ་བཏོག་ཁང་ཅིག་ བཙན་མདའ་སྒང་ལུ་ སྒོ་ཕྱེས་ཡོདཔ་ལས་ ད་ལས་ཕར་ ཕོ་སྐྱེས་ཚུ་ ལཱ་ཁག་མི་རྐྱབ་ནི་ཨིན་པས།
སིན་བུ་དི་མཱན་ ཁོ་ར་ གསར་སྤང་ཨུམ་གླིང་ལས་ཨིན་རུང་ ཁོ་རའི་གནས་ཚང་དེ་ བཙན་མདའ་སྒང་ལས་ཨིནམ་ལས་ ས་གནས་དེ་ཁར་ སྐྱ་བཏོག་མི་ ཕུད་རྡོག་གཅིག་ཡང་ མེདཔ་ཨིནམ་ཤེས་པའི་ཤུལ་ལུ་ ཁོ་གིས་ སྐྱ་བཏོག་ཁང་ཅིག་ བཙུགས་ནི་སྦེ་ འཆར་གཞི་བརྩམས་ཡོདཔ་མ་ཚད་ སྒོ་ཕྱེས་ཏེ་ ཉིནམ་༥ ལང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ ཁྲིམས་སྲུང་འགག་སྡེ་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ ལཱ་ཅིག་འབད་དེ་ ལྟོ་བཟའ་དགོ་པས་ཟེར་ མནོ་བ་གིས་མ་ཚད་ ཁོ་རའི་ གནས་ཚང་གི་ སྤུན་ཆ་ཚུ་གིས་ བཙན་མདའ་སྒང་ལུ་ སྐྱ་བཏོག་ཁང་ ཕུད་རྡོག་གཅིག་ཡང་མེདཔ་ལས་ ས་གནས་ནང་ སྒོ་ཕྱེ་བ་ཅིན་ ཁོང་གི་ཚོང་འབྲེལ་ལེགས་ཤོམ་འགྱོ་དོ་འོང་ཟེར་ སླབ་པའི་ཤུལ་ལུ་ ཁོ་གིས་ ཐག་བཅད་དེ་ སྒོ་ཕྱེས་ཡི་ཟེར་ཨིན་པས།
ཁོ་གིས་ སྐྱ་བཏོག་ནི་དེ་ཡང་ དེ་བསྒང་ ཁྲིམས་སྲུང་འགག་པ་སྦེ་ སྡོད་པའི་སྐབས་ ཆ་རོགས་ཚུ་གི་ སྐྱ་བཏོགས་ནི་དེ་གིས་ སྦྱང་བ་ཚུད་ཡོདཔ་ལས་ སྦྱོང་བརྡར་ཟེར་ ག་ཅི་ཡང་ འབད་འབདཝ་མེད་ཟེར་ཨིན་པས།
སིན་བུ་ནི་མཱན་གྱིས་ དར་དཀར་དཔལ་ལ་ལུ་ ཁང་གླ་ཁར་ལེན་མི་ སྐྱ་བཏོག་ཁང་དེ་ལུ་ ཟླཝ་རེ་ནང་ དངུལ་ཀྲམ་༡༠༠༠ རེ་ སྤྲོད་དགོཔ་ཨིན་པས།
སིན་བུ་དི་མཱན་གྱིས་ སླབ་མིའི་ནང་ སྐྱ་བཏོག་མི་ལུ་བརྟེན་ཐོབ་མི་ འོང་འབབ་དེ་གིས་ ཁང་གླ་བཏབ་པ་གིས་མ་ཚད་ ཉིན་བསྟར་གྱི་ ཟད་འགྲོ་ཡང་ ལང་ཚུགས་པས་ཟེར་ཨིན་པས།
མི་སེར་ཚུ་གིས་ སྐྱ་བཏོག་ཁང་ སྒོ་ཕྱེ་ཡོད་པའི་སྐོར་ལས་ མི་ཤེས་དོ་ཡོདཔ་ལས་ ཉིནམ་རེ་ལུ་ མི་ཕུད་རྡོག་༥ དང་༦ གི་ བར་ན་ལས་བརྒལ་ མི་འོང་དོ་ཡོདཔ་ད་ ཁོ་གིས་ མི་རེ་སྐྱ་བཏོགཔ་ད་ གླ་འཐུས་དངུལ་ཀྲམ་༥༠ རེ་ ལེན་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ སྐྱ་བཏོག་ཁང་གསརཔ་ གཞི་བཙུགས་འབད་མི་ལུ་བརྟེན་ ད་ལས་ཕར་ སྐྱ་བཏོག་ནི་ལུ་ ཧེ་མ་བཟུམ་སྦེ་ ལཱ་ཁག་རྐྱབ་མ་དགོ་པའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཀརྨ་རྡོ་རྗེ་གིས་ འབད་བ་ཅིན་ སྐྱ་རིངམོ་འགྱོ་བའི་བསྒང་ལས་ ག་ཟེར་མི་གིས་ སྐྱ་བཏོག་བྱིན་འོང་ག་ཟེར་བའི་ ཚ་གྱང་ལང་དགོཔ་ཡང་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱ་མང་ཤོས་ར་ ཁོ་རའི་ཆ་རོགས་ཚུ་གིས་ བཏོག་བྱིན་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ གཡང་ཟཝ་མས་ཟེར་ཨིནམ་ད་ ད་ལས་ཕར་འབད་བ་ཅིན་ སྐྱ་བཏོག་ཁང་ཡོད་ནི་དེ་གིས་ ག་ལུ་ཡང་ རེ་མ་དགོ་པར་ སྟབས་བདེ་དྲགས་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།