༉ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ དམག་སྲིད་འཆི་མེད་རྡོ་རྗེ་གིས་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལུ་ ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས་ ད་ལས་ཕར་ གཞུང་འཁོར་ཚུ་ དམ་དམ་སྦེ་ར་ ཞིབ་དཔྱད་འབད་ནི་ཨིན་ཟེར་བའི་ ཡི་གུ་ཅིག་ བཏང་ཡོདཔ་ཨིན་པས།
ཡི་གུ་དེ་ནང་ འཁོད་མི་དང་འཁྲིལཝ་ད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ སྨྱོ་རྫས་ནག་ཚོང་འཐབ་མིའི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ ཁྲིམས་སྲུང་འགག་སྡེ་ལུ་ བཀའ་ཕེབས་ཏེ་ཡོདཔ་ལས་ དེ་དང་བསྟུན་ ས་མཚམས་སྒོ་ར་དང་ སྣུམ་འཁོར་ཐོ་བཀོད་འབད་སའི་ས་ཁོངས་ཚུ་ནང་ ཞིབ་དཔྱད་ཚུ་ དམ་དམ་སྦེ་ འབད་ནི་ཟེར་ཨིན་པས།
ཡི་གུ་དེ་ནང་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་གྱིས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ དྲུང་ཆེན་ལུ་ ཁོང་གིས་ འགོ་འདྲེན་ཐོག་ལས་ ལྷན་ཁག་ཚུ་ནང་ གསལ་བསྒྲགས་འབད་ཞིནམ་ལས་ ད་ལས་ཕར་ ཁྲིམས་སྲུང་འགག་པ་གིས་ གཞུང་འཁོར་ཚུ་ ཞིབ་དཔྱད་འབད་ནི་ཨིནམ་ལས་ གཞུང་གི་དེད་གཡོགཔ་ཚུ་གིས་འབད་རུང་ སྨྱོ་རྫས་ནག་ཚོང་འཐབ་ནི་དང་ འབག་སྐྱེལ་ནི་ལས་ འཛེམ་དགོ་པའི་ གསལ་བསྒྲགས་འབད་དགོཔ་སྦེ་ བཀོད་ནུག།
ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་སྡེ་འཛིན་ དམག་སྲིད་འོགམ་ རྣམ་རྒྱལ་གྱིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ གློ་བུར་གྱི་ ཞལ་འཛོམས་དང་ གཞན་ཁག་ཆེ་བའི་ ལཱ་ཚུ་ཡོད་པའི་སྐབས་ སྣུམ་འཁོར་ཚུ་ ཞིབ་དཔྱད་མ་འབད་བར་ བཏངམ་ཨིན་ཟེར་ཨིན་པས།
དེ་མ་ཚད་ གཞུང་ལམ་བདའ་སྟེ་ ཞིབ་དཔྱད་ཡོད་པའི་སྐབས་ལུ་ཡང་ གཞུང་འཁོར་ཚུ་ གྱལ་ནང་སྡོད་མ་དགོ་པར་ བཏང་དོ་ཡོདཔ་ཨིན་རུང་ སྣུམ་འཁོར་བརྡ་སྟོན་གྱི་ ཁྲིམས་ལས་འགལ་བ་ཅིན་ དེ་གི་དོན་ལུ་ ཉེས་བྱ་བཀལཝ་ཨིན་ཟེར་ཨིན་པས།
ད་རེས་ནངས་པར་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ གཞུང་ལམ་བདའ་སྟེ་ བདུན་ཕྲག་རེ་ནང་ ཞིབ་དཔྱད་ཚར་༣ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་བསྒང་ གཞུང་འཁོར་འབད་རུང་ གྱལ་བཙར་ཏེ་ འོང་ནི་མ་གཏོགས་ ཞིབ་དཔྱད་མ་འབད་བར་ བཏང་སྲོལ་མེད་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ གཞུང་འཁོར་དང་ དམག་སྡེའི་སྣུམ་འཁོར་ ག་ཅི་ར་ཨིན་རུང་ དེ་ཚུ་ག་ར་ སྣུམ་འཁོར་ཐོ་བཀོད་འབད་སའི་ ས་ཁོངས་ནང་ལས་ ཞིབ་དཔྱད་ཚུ་ འབད་དེ་ར་ བཏངམ་ཨིན་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ པདྨ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ གཞུང་འཁོར་ཟེར་ བྲིས་ཏེ་ཡོད་མི་ སྣུམ་འཁོར་ཚུ་ གཞུང་ལམ་བདའ་སྟེ་ ཞིབ་དཔྱད་ཡོད་པའི་སྐབས་ གྱལ་བཙར་སྡོད་མ་དགོཔ་མ་ཚད་ ཞིབ་དཔྱད་ཡང་ དེ་ཅིག་འབད་ནི་མེད་རུང་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་གཞན་དང་ དབྱེ་བ་མེདཔ་སྦེ་ ཞིབ་དཔྱད་འབད་དེ་ ལོ་ལྷགཔ་ཅིག་ཡར་སོ་ཡི་ཟེར་ཨིན་པས།
གཞུང་འཁོར་གྱི་དེད་གཡོགཔ་ ཨྱོན་རྡོ་རྗེ་གིས་འབད་བ་ཅིན་ སྣུམ་འཁོར་གྱི་ སྦོམ་ཆུང་དང་ གཞུང་སྒེར་གྱི་ སྣུམ་འཁོར་ཟེར་ དབྱེ་བ་མ་ཕྱེ་བར་ ཞིབ་དཔྱད་ལེགས་ཤོམ་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ད་རེས་ནངས་པའི་དུས་ལུ་ གཞུང་གི་དེད་གཡོགཔ་ ལ་ལོ་ཅིག་གིས་ ཁོང་གི་སྣུམ་འཁོར་དེ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ནི་མེད་ཟེར་མནོ་སྟེ་ ནག་ཚོང་དང་ སྨྱོ་རྫས་ལ་སོགས་པ་ཚུ་ སྐྱེལ་འདྲེན་འབད་ནིའི་ ཉེན་ཁ་ཡོདཔ་ལས་ ཞིབ་དཔྱད་འབད་བ་ཅིན་ ཕན་ཐོགས་མ་གཏོགས་ གནོད་པ་མི་འོང་ནི་མས་ཟེར་ བཤདཔ་ཨིན་པས།
ཨྱོན་རྡོ་རྗེ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ སྨྱོ་རྫས་ནག་ཚོང་འཐབ་མི་དེ་ བདའ་ཟུན་པ་ཅིན་ དེ་གིས་ ན་གཞོན་ལེ་ཤ་ཅིག་གི་ མི་ཚེ་ མེདཔ་བཏང་དོ་ཡོདཔ་ལས་ མི་དེ་ལུ་ གཞུང་གི་ཁྲིམས་དང་འཁྲིལ་ཏེ་ ཡངས་ཆག་མེད་པར་ ཉེས་བྱ་བཀལ་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས་ གཞུང་འཁོར་ཚུ་ཡང་ ཞིབ་དཔྱད་འབད་ནི་ཟེར་མི་དེ་ གནམ་མེད་ས་མེད་ལེགས་ཤོམ་ཅིག་མས་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།