༉ ལྷུན་རྩེ་རྫོང་ཁག་ནང་ ཁྲོམ་ས་ཐོབ་མི་༡༡ གིས་ རང་སོའི་སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་དེ་ ལོ་ལང་ཡོད་རུང་ ཧེ་མའི་ སྦ་སྒོར་ཚུ་ནང་ལས་ ཚོང་ཆས་ཚུ་བཏོན་ཏེ་ སྤོ་བཤུད་འབད་མ་བཏུབ་པའི་ དཀའ་ངལ་བྱུང་མི་དེ་ ད་རེས་ཀྱི་ ཟླ་མཇུག་ལས་ སེལ་ཚུགས་ནི་ཨིན་པས།
གཞུང་ལམ་འོག་ལུ་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་སྡོད་མི་ ཚོང་པ་༢༨ དེ་ཅིག་གིས་ ཚོང་བཙོང་སྡོད་མི་ལུ་བརྟེན་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ཚར་མི་ ཇོ་བདག་ཚུ་གིས་ཡང་ སྤོ་བཤུད་འབད་མ་བཏུབ་པར་ རྫོང་ཁག་བདག་སྐྱོང་གིས་ ཟླཝ་འདི་གི་ ཟླ་མཇུག་ལུ་ སྤོ་བཤུད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ལྷུན་རྩེ་ཁྲོམ་ནང་ ཚོང་རྐྱབ་སྟེ་ ལོ་༡༦ ལང་མི་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ སྒྲིང་ཁྱིམ་རྐྱབ་རུང་ ཚོང་ལམ་གྱི་སྦུག་ལུ་ མ་ཚུད་པའི་ཁར་ སྣུམ་འཁོར་ལམ་དང་ གློག་མེ་ ཆུ་གཡུར་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ ད་རུང་ ལོ་༡ དེ་ཅིག་ སྦ་སྒོར་ནང་སྡོད་ཆོག་པའི་ གནང་བ་གནང་པ་ཅིན་དྲག་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༥༠ལང་མི་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ སྦ་སྒོར་ནང་ལས་ སྤོ་འགྱོ་དགོཔ་སྦེ་ ལན་ཐེངས་༢ བཀའ་རྒྱ་གནང་ཡོད་རུང་ སྒྲིང་ཁྱིམ་ཚུ་ སྣུམ་འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཡོད་པའི་ཁར་ ཕར་ཚུར་འགྱོ་སའི་ལམ་ཡང་ ལེགས་ཤོམ་མེདཔ་ལས་ ཚོང་ཉོ་བར་འོང་མི་ མེད་ནི་དེ་གིས་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
གལ་སྲིད་ ཚོང་ཆས་ཚུ་ སྒྲིང་ཁྱིམ་གསར་པའི་ནང་ སྤོ་བཤུད་འབད་བ་ཅིན་ ཚོང་མགྲོན་པ་ཚུ་ འོང་མི་མེདཔ་ལས་ འོང་འབབ་བཟོ་མ་ཚུགས་པའི་ཁར་ ཟླ་རིམ་བཞིན་དུ་ དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་ཡང་ འབྱུང་སྲིད་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༣༠,༠༠༠རེ་ དངུལ་ཁང་ནང་ སྐྱིན་ཚབ་བཏབ་མི་ཚུ་ སྦ་སྒོར་ནང་ ཚོང་བཙོང་མི་ལུ་བརྟེན་ཨིན་རུང་ སྒྲིང་ཁྱིམ་གསརཔ་ནང་ སྤོ་འགྱོ་དགོ་པ་ཅིན་ སྐྱིན་ཚབ་བཏབ་མ་ཚུགས་པའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
སྐྱིན་འགྲུལ་དེ་ཡང་ ཚོང་གཞི་བཙུགས་འབད་ནི་དང་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣ ལྷགཔ་ཅིག་ ཞུ་ཡོད་མི་དེ་ གཡུས་ཁ་ལུ་ མོ་རའི་མིང་ཐོ་ཁར་ཡོད་པའི་ས་ཆ་ གཏའ་མར་བཙུགས་ཏེ་ ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ སྒྲིང་ཁྱིམ་གྱི་ལྟག་ལུ་ཚུན་ སྣུམ་འཁོར་ལམ་གྱི་མཐུན་རྐྱེན་ཚུ་ ལེགས་བཅོས་འབད་མ་ཚུགསཔ་ཅིག་གི་རིང་ སྦ་སྒོར་ནང་ར་ སྡོད་ཆོག་པའི་གནང་བ་ཐོབ་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིན་པས།
སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་ ཇོ་བདག་ཚུ་གིས་ ལོ་༡ གི་ནང་འཁོད་ལུ་ རང་སོའི་ སྦ་སྒོར་ནང་ལས་ སྤོ་བཤུད་འབད་དགོ་པའི་ཁར་ སྒྲིང་ཁྱིམ་བཟོ་སྐྲུན་འབད་མ་ཚུགས་མི་ ཚོང་པ་ཚུ་གིས་ ལོ་༣ གྱི་ནང་འཁོད་ལུ་ ཁྲོམ་ནང་ལས་ འཐོན་འགྱོ་དགོཔ་སྦེ་ རྫོང་ཁག་བདག་སྐྱོང་དང་ ཚོང་པ་ཚུ་གི་བར་ན་ གན་ཡིག་ཅིག་ བཟོ་ཡོད་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།