ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ གར་ཝཱལ་ཨེཕ་སི་སྡེ་ཚན་གྱི་ རྩེད་འགྲན་པ་སྦེ་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

ཆུ་ག་གད་ལྟག་ནང་ལས་ཨིན་མི་ སྐལ་བཟང་དེ་ཡང་ འབྲུག་མི་ཕུཊ་བཱོལ་རྩེ་མི་ཚུ་གི་གྲས་ལས་ བཙན་སྐྱོགས་རྒྱལ་མཚན་བཟུམ་སྦེ་ རྒྱ་གར་ལུ་ རྩེད་འགྲན་འབད་མི་ཅིག་ཨིནམ་ད་ ཁོ་གིས་ ཧེ་མ་ རྒྱལ་ཁབ་ནང་ ཧའི་ཀོ་ལི་ཊི་ ཡུ་ནའེ་ཊེཊ་ཕེབ་ཧི་ཚོགས་སྡེའི་ རྩེད་འགྲན་པ་ཨིན་པས།

སྐལ་བཟང་གིས་ གར་ཝཱལ་ཨེཕ་སི་སྡེ་ཚན་ནང་ དུས་ཅི་ སྤྱི་ཟླ་༣ པའི་ནང་ འཛུལ་ཞུགས་འབད་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ལུ་བརྟེན་ ལོག་འོང་དགོཔ་བྱུང་ནུག།

སྐལ་བཟང་དེ་ སྤྱི་ཟླ་༩ པའི་ནང་ ལོག་སོང་ཡོདཔ་བཞིན་དུ་ ལིག་འགྲན་བསྡུར་དེ་ ཟླཝ་འདི་ནང་ འགོ་བཙུགས་ཡོདཔ་ཨིན་པས།

ཁོ་གིས་ སླབ་མི་ནང་ གར་ཝཱལ་ཨེཕ་སི་སྡེ་ཚན་དེ་ ད་ལྟོའི་རྩེད་འགྲན་ནང་ལས་ མཐར་འཁྱོལ་བྱུང་པ་ཅིན་ ལིག་༢ པའི་སྡེ་ཚན་ནང་ ཚུད་འོང་ཟེར་ཨིནམ་ད་ སྡེ་ཚན་༢༠ གིས་ དོ་འགྲན་འབད་བའི་བསྒང་ཡོད་མི་ལས་ ལིག་༢ པའི་འགྲན་བསྡུར་ནང་ སྡེ་ཚན་༡ རྐྱངམ་གཅིག་ གདམ་འཐུ་འབད་ནི་ཨིནམ་བཞིན་དི་ རྩེད་འགྲན་དེ་ཡང་ སང་ཕོད་ལོ་འགོ་བཙུགསཔ་ཅིག་ཁར་ འགོ་འདྲེན་འཐབ་ནི་ཨིན་པས།

སྐལ་བཟང་གིས་ སླབ་མིའི་ནང་ ད་ལྟོའི་རྩེད་འགྲན་དེ་ སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ རྩེད་འགྲན་པ་དང་ སློབ་སྟོན་པ་ འཛིན་སྐྱོང་པའི་ ཁ་ཐུག་ལས་ རྒྱལ་ཁ་འཐོབ་ནིའི་ རེ་བ་སྦོམ་བསྐྱེད་དེ་ཡོད་ཟེར་ཨིན་པས།

ད་ཚུན་གྱི་བར་ན་ རྩེད་འགྲན་༤ མཇུག་བསྡུ་མི་ལས་ གར་ཝཱལ་ཨེཕ་སི་སྡེ་ཚན་གྱིས་ ཚར་༣ རྒྱལ་ཡོདཔ་མ་ཚད་ རྩེད་འགྲན་༡ ནང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ འདྲན་འདྲ་སོང་ཡོད་རུང་ སྐུགས་༡༠ ཐོབ་སྟེ་ སྣ་ཁྲིད་འབདཝ་ཨིན་པས།

སྡེ་ཚན་དེ་གིས་ སྤྱི་ཟླ་༡༠ པའི་ཚེས་༢༡ ལུ་ སུ་དེ་བཱ་ལྡི་ལི་ཨེཕ་སི་སྡེ་ཚན་ལུ་ གཱོལ་༤ བཙུགས་ཏེ་ ཕམ་བཏང་ཡོདཔ་ད་ སྐལ་བཟང་གིས་ ད་ཚུན་ རྩེ་འགྲན་གཉིས་ནང་ དོ་འགྲན་འབད་དེ་ ཤཱསི་ཊི་རི་ཨེཕ་སི་ལུ་ གཱོལ་༡ བཙུགས་ནུག།

སྐལ་བཟང་གིས་ སྤྱི་ལོ་༢༠༡༤ ལས་ ཕུཊ་བཱོལ་རྩེ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ རྒྱལ་སྤྱི་རྩེད་འགྲན་ནང་ འགོ་དང་པ་རང་ སྤྱི་ལོ་༢༠༡༦ ལུ་ མ་ནི་པུར་ལིག་འགྲན་བསྡུར་དང་ ན་ཧིང་ ཨ་རུ་ན་ཅཱལ་པར་དེཤ་ལིག་འགྲན་བསྡུར་༢ ནང་ རྩེད་འགྲན་འབད་ནུག།

གར་ཝཱལ་ཨེཕ་སི་ཕུཊ་བཱོལ་ཚོགས་སྡེ་དེ་ སྤྱི་ལོ་༡༩༥༣ ལུ་ གཞི་བཙུགས་འབད་མི་ ཁྱད་རིག་ཅན་གྱི་ ཚོགས་སྡེ་ཅིག་ཨིནམ་ད་ སྐལ་བཟང་གིས་ ཚོགས་སྡེ་དང་གཅིག་ཁར་ ལོ་༡ གི་ ཁག་འབག་གན་ཡིག་བཟོ་མི་དེ་ སང་ཕོད་སྤྱི་ཟླ་༥་པའི་ནང་ དུས་ཡུན་ཚང་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ རྟ་མགྲིན་དཔལ་འབྱོར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *