ད་རིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ བཙག་འཐུ་འབད་ནི།

རྒྱལ་ཁབ་ནང་འཁོད་ལུ་ ཚོགས་རྒྱན་ས་ཁོངས་༨༦༦ ནང་ བཙག་འཐུ་འགོ་འདྲེན་འཐབ་མི་ ཚོགས་རྒྱན་འགོ་དཔོན་༥,༦༡༩ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ད་རིས་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རྒྱན་ཉིནམ་གི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།

བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་ བཤད་མིའི་ནང་ བཙག་འཐུ་དང་འབྲེལ་བའི་ བྱ་རིམ་ཚུ་ག་ར་ གྲ་སྒྲིག་སོང་ཡོདཔ་མ་ཚད་ བཙག་འཐུའི་འགོ་དཔོན་ཚུ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་བཟུམ་སྦེ་ར་ ཚོགས་རྒྱན་གྱི་ཉིནམ་ འགོ་བཙུགས་ནི་ལུ་ སག་ལང་སྟེ་ཡོད་ཟེར་ཨིན་པས།

འདེམས་ངོ་ཚུ་དང་ འབྲེལ་བ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་ རྒྱལ་རབས་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ཏེ་ ང་བཅས་རའི་ འགན་ཁུར་ཚུ་ དཔའ་ཉམས་དང་བཅསཔ་སྦེ་ འགྲུབ་ནི་ལུ་ སྤྲོ་སྣང་དང་བཅསཔ་སྦེ་ སྒུག་ཡོད་ཟེར་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱིས་ བཤདཔ་ཨིན་པས།

ད་རིས་ ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བསྐྱུར་ནི་གི་ ཁྱད་ཚད་ལྡན་མི་བསྡོམས་ མི་སེར་༤༣༢,༠༣༠ ཡོད་མི་ལས་ ཨམ་སྲུ་བརྒྱ་ཆ་༥༡.༡༣ དང་ ཕོ་སྐྱེས་བརྒྱ་ཆ་༤༨.༨༧ ཡོདཔ་ད་ རྫོང་ཁག་ཚུ་གི་གྲས་ལས་ བཀྲ་ཤིས་སྒང་ལུ་ ཁྱད་ཚད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༤༦,༩༨༣ ཡོད་མི་དེ་ གྱངས་ཁ་མཐོ་ཤོས་ཨིནམ་ད་ མགར་ས་རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མི་༢,༠༠༠ ཡོད་མི་དེ་ གྱངས་ཁ་ཉུང་ཤོས་ཨིན་པས།

མི་གྲངས་༨༨,༩༡༥ གིས་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་སྦེ་ ཐོ་བཀོད་འབད་ནུག།

ང་བཅས་ཆ་ཁྱབ་ དུས་ཡུན་ཆུ་ཚོད་དག་པ་ཅིག་གི་རྒྱབ་ལས་ ཚོགས་རྒྱན་གྱི་ཉིནམ་ འགོ་བཙུགས་ནི་ལུ་ སྒུག་སྟེ་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་ ག་ར་ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་ལས་ བཙག་འཐུའི་བྱ་རིམ་དེ་ རང་མོས་དང་ རྣམ་དག་ཐོག་ འགྱོ་ནི་གི་ རེ་བ་བསྐྱེད་དོ་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ལྷན་འཛིན་ བདེ་སྐྱིད་པདྨ་གིས་ བཤད་པའི་ཁར་ མི་སེར་ཚུ་ གདོང་ཁར་ཐོན་ཏེ་ འགན་ཁུར་ཚུལ་ལྡན་འབག་ཐོག་ལས་ ཚོགས་རྒྱན་བཙུགས་དགོ་ཟེར་ བཤདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་༣ པའི་དོན་ལུ་ ད་ལྟོའི་ཚོགས་སྡེའི་ འཐུས་མི་༡༢ བརྩིས་ཏེ་ འདེམས་ངོ་༡༢༧ གྱིས་ བསྐྱར་ཞིབ་ཚོགས་ཁང་གི་ འདེམས་ཁྲི་ལུ་ དོ་འགྲན་འབད་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ འདེམས་ངོ་ཡོངས་བསྡོམས་ལས་༧༣ སྐྱེས་ལོ་༣༠ སོ་གྲངས་ནང་ འབད་མི་ཚུ་ཨིན་པས།

སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ འདེམས་ངོ་༥༢ དང་ སྤྱི་ལོ་༢༠༡༣ ལུ་ འདེམས་ངོ་༦༧ གྱིས་ དོ་འགྲན་འབད་ཡོདཔ་ཨིན་པས།

ད་རིས་ ཚོགས་རྒྱན་བཙུགས་ནི་གི་ དུས་ཚོད་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུ་༥ ཚུན་ཨིནམ་ད་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཚོགས་རྒྱན་ས་ཁོངས་ནང་འོངམ་ད་ རང་སོའི་ཚོགས་རྒྱན་ངོས་འཛིན་འདྲ་པར་ འབག་འོང་དགོཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *