ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་བཙར་སྡོད་མི་ སྨན་སྦིས་རྒེད་འོག་གི་ མི་སེར་ཚུ།

ད་རིས་ རྒྱ་རེད་དང་ མཁོ་མ་རྒེད་འོག་གིས་ ཚོགས་སྡེའི་གདམ་ངོ་ གདམ་འཐུ་འབད་ནི།

༉ ལྷུན་རྩེ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དོན་ལུ་ དོ་འགྲན་འབད་མི་ཚུའི་དོན་ལས་ སྤྱི་ཟླ་༣ པའི་ཚེས་༡ ལས་ རྒེད་འོག་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ད་ཚུན་ སྨན་སྦིས་རྒེད་འོག་ལས་ བསྟན་འཛིན་འགྱུར་མེད་དང་ སྐུར་སྟོད་རྒེད་འོག་ལས་ འགྱུར་མེད་བསྟན་འཛིན་གཉིས་ཀྱིས་ དགོ་ཟེར་བའི་ཚོགས་རྒྱན་ཐོབ་སྟེ་ རྒེད་འོག་གཉིས་ལས་ གདམ་འཐུ་གྲུབ་ནུག།
ཁོང་གཉིས་ཀྱིས་ ད་ལྟོ་ འཛོམས་འདུ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ རྒེད་འོག་གཞན་ཚུ་ནང་ལས་ གདམ་འཐུ་འགྲུབ་མི་ མི་ངོམ་ཚུ་དང་གཅིག་ཁར་ རྫོང་ཁག་གི་གནས་ཚད་ནང་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༢༩ ལང་མི་ ཕ་གི་དུང་གཡུས་ཚན་ལས་ བསྟན་འཛིན་འགྱུར་མེད་ཀྱིས་ དགོ་ཟེར་བའི་ཚོགས་རྒྱན་༢༣༡ དང་མི་དགོ་ཟེར་མི་༤༩ འཐོབ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༣ ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ མཇུག་བསྡུ་བའི་ཤུལ་ལས་ གཡུས་ཁར་སྡོད་དེ་ སོ་ནམ་དང་འབྲེལ་བའི་ ཚོང་འབྲེལ་འབད་སྡོད་ཡོདཔ་ཨིན་པས།
དེ་ལས་ ཀུར་སྟོད་རྒེད་འོག་ལས་ སྐྱེས་ལོ་༣༦ ལང་མི་ འགྱུར་མེད་བསྟན་འཛིན་གྱིས་ དགོ་ཟེར་མི་༡༡༧ དང་ མི་དགོ་ཟེར་མི་༧ འཐོབ་སྟེ་ རྒེད་འོག་ནང་ལས་ གདམ་འཐུ་འགྲུབ་ཡོདཔ་ད་ ཁོང་གཉིས་ཆ་རའི་རྒེད་འོག་ནང་ལས་ གདམ་ངོ་ཁོང་གཉིས་ལས་མེདཔ་ཨིན་པས།
འགྱུར་མེད་བསྟན་འཛིན་གྱིས་ དོ་འགྲན་འབད་ནིའི་དོན་ལུ་ མ་ཐོན་པའི་ཧེ་མར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཞིབ་དཔྱད་འགོ་དཔོན་སྦེ་ ལོ་༤ གི་རིང་ ལཱ་འབད་བའི་ཤུལ་ལས་ དགོངས་ཞུ་འབད་དེ་ ཚོང་འབྲེལ་འབད་ནི་ འགོ་བཙུགས་ཡོདཔ་ད་ ཁོ་གིས་ རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་ནང་ལས་ དངུལ་འབྲེལ་འཛིན་སྐྱོང་གི་ མཐོ་རིམ་ཌིབ་ལོ་མའི་ཤེས་ཚད་ཡང་ མཇུག་བསྡུ་ཡོདཔ་ཨིན་པས།
སྨན་སྦིས་རྒེད་འོག་ནང་ ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་མི་༢,༥༡༥ ཡོད་མི་ཡང་ ཕོ་སྐྱེས་༡,༡༦༡ དང་ ཨམ་སྲུ་༡,༣༥༤ ཡོདཔ་ད་ ཀུར་སྟོད་རྒེད་འོག་ནང་འབད་བ་ཅིན་ ཁྱད་ཚད་ལྡན་མི་༡,༣༩༦ ཡོད་མི་ལས་༦༥༩ ཕོ་དང་༧༣༥ ཨམ་སྲུ་ཡོདཔ་ཨིན་པས།
ད་ཚུན་ རྒེད་འོག་གཉིས་ནང་རྐྱངམ་གཅིག་ འཛོམས་འདུ་འགོ་འདྲེན་འཐབ་ཚར་ཡོད་རུང་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ ་སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ལས་ བཙག་འཐུ་འབད་ནིའི་དོན་ལུ་ མི་ཚུ་གིས་དེ་ཅིག་ དང་འདོད་མི་བསྐྱེད་པས་ཟེར་ཨིན་མི་དེ་ཡང་ མི་ཚུ་གིས་ རྒེད་འོག་གི་ནང་ལས་ གདམ་འཐུ་འབད་བའི་སྐབས་ དགོ་དང་མི་དགོ་གི་ཚོགས་རྒྱན་བཙུགས་དགོཔ་ལས་ དེ་ཅིག་ བཅའ་མར་མི་གཏོགས་པས་ཟེར་ཨིན་པས།
མི་སེར་ཚུ་ལུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གོ་བརྡ་ག་དེ་སྦེ་ སྤྲོད་དེ་འབད་རུང་ རྒེད་འོག་གི་དོན་ལུ་ མི་ཚུ་གིས་ བཟའ་ཚང་ནང་ལས་ མི་རེ་ལས་མ་གཏོགས་ ཚོགས་རྒྱན་བཙུགས་པར་ འོང་ནི་མིན་འདུག་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ རྒེད་འོག་བརྒྱད་ཡོད་པའི་གྲས་ལས་ སྨིན་རྗེ་དང་བཙན་མཁར་ དེ་ལས་ སྨན་ཚོ་རྒེད་འོག་ཚུ་ནང་ལས་ གདམ་ངོ་མེད་པའི་ཁར་ རྒེད་འོག་གཞན་ཚུ་ནང་ལས་ཡང་ རེ་རེ་ལས་བརྒལ་མེདཔ་ཨིན་པས།
ད་རིས་ མཁོ་མ་རྒེད་འོག་གི་ མི་སེར་ཚུ་གིས་ སྤྱི་ཚོགས་དང་པའི་ནང་ འཐུས་མི་སྦེ་ཕྱག་ཞུ་མི་ རིག་འཛིན་རིག་འཛིན་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ནི་ཨིནམ་ད་ རྒྱ་རེད་རྒེད་འོག་གིས་ ད་ལྟོ་ ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་མི་ བསྟན་པ་རྡོ་རྗེ་གི་དོན་ལུ་ དགོ་མི་དགོ་གི་ ཚོགས་རྒྱན་བཙུགས་ནི་ཨིན་པས།
སྒང་ཟུར་རྒེད་འོག་ནང་ཡང་གདམ་ངོ་གཅིག་ལས་མེད་མི་དེ་ ཀུན་དགའ་དཔལ་འབྱོར་ཨིནམ་ད་ རྒེད་འོག་འཛོམས་འདུ་མཇུག་དེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ བཙན་མཁར་རྒེད་འོག་དང་ ལྷུན་རྩེ་ཁྲོམ་སྡེ་གཉིས་ནང་ འདེམས་ངོ་མེདཔ་ལས་ བཙག་འཐུ་དང་འབྲེལ་བའི་ གོ་བརྡ་ཚུ་སྤྲོད་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ མི་ངོམ་༡༦,༠༩༣ ཡོད་མི་ལས་ ཨམ་སྲུ་༨,༥༡༤ དང་ ཕོ་སྐྱེས་༧,༥༧༩ ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *