ད་རིས་ རུ་པེ་ཤོག་བྱང་ དབྱེ་ཁག་༢ པ་ འགོ་འབྱེད་འབད་ནི།

༉ ད་རིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་དང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་༢ ཀྱིས་ ཡོངས་འབྲེལ་ཐོག་ལས་ རུ་པེ་ཤོག་བྱང་༼RuPay༽ཟེར་མི་ དབྱེ་ཁག་༢ པ་དེ་ འགོ་འབྱེད་གནང་ནི་ཨིན་པས།

རུ་པེ་ཤོག་བྱང་ དབྱེ་ཁག་དང་པ་དེ་ སྤྱི་ལོ་༢༠༡༩ ཟླ་༨ པའི་ཚེས་༡༧ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་བྱོན་པའི་སྐབས་ འགོ་འབྱེད་གནང་ཡོདཔ་ཨིན་པས།

རྒྱ་གར་གྱི་ རུ་པེ་ཤོག་བྱང་དེ་གིས་ འཕྲུལ་རིག་ཐོག་ལས་ དངུལ་བཙུགས་བཏོན་གྱི་ ལྷན་ཐབས་འབད་ནི་ཨིནམ་མ་ཚད་ འབྲུག་དང་ རྒྱ་གར་གྱི་ ས་ཁོངས་གཉིས་ཆ་རའི་ དངུལ་བཙུགས་བཏོན་ ཨེ་ཊི་ཨེམ་དང་ བཙོང་སའི་ས་གོ་ཚུ་ནང་ ལག་ལེན་འཐབ་བཏུབ་ནི་ཨིན་པས།

ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ རུ་པེ་དེ་ འབྲུག་དང་ རྒྱ་གར་རྒྱལ་ཁབ་ཀྱི་བར་ན་ ཕན་ཚུན་ས་མཚམས་གཉིས་ཆ་རའི་ནང་ ཏི་རུ་བཙུགས་བཏོན་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ ཌི་ཇི་ཊཱལ་གྱི་ ཟད་འགྲོ་མར་ཕབ་ཐོག་ལས་ ལག་ལེན་འཐབ་ཚུགས་ནི་ཨིན་པས།

རྒྱལ་ཁབ་ནང་ རུ་པེ་ལམ་ལུགས་ ལག་ལེན་འཐབ་བཏུབ་སྦེ་ རྒྱ་གར་གྱི་ དངུལ་འབྲེལ་རིམ་ལུགས་དང་གཅིག་ཁར་ འབྲུག་དངུལ་འབྲེལ་རིམ་ལུགས་དང་ མཐུད་སྦྲེལ་འབད་དེ་ བཟོ་ཡོདཔ་ཨི་ནཔས།

ནང་འཁོད་མཐུད་སྦྲེལ་ལུ་བརྟེན་ ཉེན་སྲུང་དང་ དངུལ་འབྲེལ་ལས་དོན་ཚུ་ སྟབས་བདེ་དྲགས་ བཟོ་ཚུགས་ནི་ཨིནམ་མ་ཚད་ རྒྱལ་ཁབ་༢ ཀྱི་ ས་མཚམས་གཉིས་ཆ་རའི་ནང་ ཟད་འགྲོ་འཇམ་ནི་དང་ དངུལ་རྐྱང་མེད་པར་ ཏི་རུ་བཏོན་ཚུགས་ནི་ཨིན་པས།

རུ་པེ་དབྱེ་ཁག་དང་པ་ འགོ་འབྱེད་འབད་བའི་ཤུལ་ལུ་ ལམ་ལུགས་ཐོག་ལས་ རུ་པི་ས་ཡ་༣༦.༥༢ གནས་པའི་ དངུལ་སྤྲོད་ལེན་༡༠,༤༢༨ དེ་ཅིག་ འབད་ཡོདཔ་ཨིན་པས།

ལམ་ལུགས་ཀྱི་ དབྱེ་ཁག་༢ པ་ འགོ་འབྱེད་འབད་མི་དེ་གིས་ འགྲུལ་སྐྱོད་འབད་མི་འབྲུགཔ་ཚུ་ རྒྱ་གར་ལུ་ འགྱོ་བའི་སྐབས་ རྒྱལ་ཁབ་དེ་ནང་ ང་བཅས་ཀྱི་ དངུལ་གྱི་ཤོག་བྱང་ཚུ་ ལག་ལེན་འཐབ་ཐོག་ལས་ དངུལ་བཏོན་ཚུགས་ནི་ཨིནམ་ད་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ རུ་པེ་ཤོག་བྱང་ཚུ་ དངུལ་བཏོན་ཤོག་བྱང་༡༠༠,༠༠༠ ལྷགཔ་ཅིག་དང་ ཚོང་འབྲེལ་ས་ཁོངས་ས་ཡ་༢ ནང་ ངོས་ལེན་ཐོག་ ཏི་རུ་བཏོན་ཚུགས་ནི་དང་ རང་གི་རྩིས་ཁྲ་ནང་ ལྷག་ལུས་ག་དེམ་ཅིག་ཡོདཔ་ཨིན་ན་ཡང་ བལྟ་ཚུགས་ནི་ཨིན་པས།

འགོ་འབྱེད་སྐབས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེསི་ཇའི་ཤང་ཀར་དང་ རྒྱ་གར་གྱི་ བློན་ཆེན་ཡིག་ཚང་གི་ གཙོ་རིམ་དྲུང་ཆེན་ ཨ་ཇིཌ་དོ་བཱལ་ དེ་ལས་ རྒྱ་གར་གྱི་ འགོ་དཔོན་གཞན་ཚུ་གིས་ཡང་ གྲལ་གཏོགས་འབད་ནི་ཨིན་པས།

འབྲུག་ལས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་ དེ་ལས་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

About admin

Check Also

ནད་ཡམས་ཀྱི་ཉེན་ཁ་ ཆེ་སུ་སྦེ་ར་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ ཁྱབ་སྤེལ་རིམ་ཐེངས་༢ པའི་ནང་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ མགྱོགས་དྲགས་སྦེ་ ཁྱབ་འགྱོ་དོ་ཡོད་མི་དང་བསྟུན་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ནད་ཡམས་ཐོབ་མི་ མ་ཆད་པར་ཐོནམ་ཨིན་མས། ཧེ་མ་དང་ཕྱདཔ་ད་ ད་རེས་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ ཉེན་ཁ་ཆེ་དྲགས་སྦེ་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *