༉ ལྷོ་ཨེ་ཤི་ཡཱན་ ཕུཊ་བཱོལ་ཚོགས་སྡེའི་ སྐྱེས་ལོ་༡༥ འོག་རྒྱུའི་འགྲན་བསྡུར་གྱི་ མཐའ་བཅད་འོག་མ་དེ་ ད་རིས་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ འབྲུག་དང་ བང་ལ་དེཤ་ ནེ་པཱལ་ དེ་ལས་ རྒྱ་གར་གྱི་ ཨམ་སྲུ་སྡེ་ཚན་༤ གིས་
རྩེད་འགྲན་འབད་ནི་ཨིན་པས།
དེ་ཡང་ མཐའ་བཅད་འགྲན་བསྡུར་འོག་མའི་ རྩེད་འགྲན་དང་པའི་ནང་ ནེ་པཱལ་དང་ རྒྱ་གར་སྡེ་ཚན་༢ ཀྱི་བར་ན་ རྩེད་ནི་དང་ རྩེད་ཐེངས་༢ པ་དེ་ འབྲུག་དང་ བང་ལ་དེཤ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
རེས་གཟའ་མིག་དམར་ལུ་ རྩེད་འགྲན་འབདཝ་ད་ རྒྱ་གར་གྱི་ ཨམ་སྲུ་སྡེ་ཚན་གྱིས་ འབྲུག་ལུ་ གཱོལ་༡ བཙུགས་ཏེ་ཕམ་བཏང་ཡོད་རུང་ འབྲུག་གི་སྡེ་ཚན་དེ་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ ལྷོད་ཡོདཔ་ཨིན་པས།
འབྲུག་གི་སྡེ་ཚན་དེ་ སྡེ་ཚན་༣ ཡོད་མི་ དབྱེ་ཁག་ཀ་པའི་ནང་ ཚུད་ཡོདཔ་བཞིན་དུ་ རྩེད་འགྲན་ཁག་༢ ནང་ བཅའ་མར་གཏོགསཔ་ད་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ ཤཱྲི་ལངྐ་ལས་ རྒྱལ་ཁ་ཐོབ་སྟེ་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ ལྷོད་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།