ད་རིས་ འབྲུག་གིས་ བང་ལ་དེཤ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རིས་ ཕྱི་རུའི་ཆུ་ཚོད་༧ ལུ་ ལྷོ་ཨེ་ཤི་ཡའི་ སྐྱེས་ལོ་༡༨ འོག་རྒྱུ་འབད་མི་ བུམོ་གི་ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འོག་མའི་ནང་ འབྲུག་གིས་ བང་ལ་དེཤ་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་པའི་བུམོ་ཚུ་གིས་ འདས་པའི་ལོ་༢ ཀྱི་ནང་འཁོད་ལུ་ ཕུཊ་བཱོལ་གྱི་གནས་ཚད་དང་ རྐང་རྩེདཔ་ཚུ་ག་ར་ ལེགས་ཤོམ་ཡོད་རུང་ གདོང་ལེན་ཚུ་ བྱུང་བཞིན་དུ་ཡོད་ཟེར་ཨིན་པས།
ཕུཊ་བཱོལ་གྱིས་ སློབ་སྟོན་པ་ སུང་ཇེ་ལི་གིས་ སླབ་མིའི་ནང་ ཁོ་ར་ འགོ་དང་པ་ བུམོ་གི་རྐང་རྩེདཔ་ཚུ་གི་དོན་ལུ་ སློབ་སྟོན་པ་འབད་ཡི་ཟེར་ཨིནམ་ད་ འདས་པའི་ལོ་༢ ཀྱི་ནང་འཁོད་ལུ་ འབྲུག་པའི་བུམོ་གི་ ཕུཊ་བཱོལ་གནས་ཚད་དེ་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་སྦེ་ཨིན་རུང་ བུམོ་ཚུ་ལུ་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་དང་པ་ རྐང་རྩེདཔ་ཚུ་ ག་ར་ སློབ་ཕྲུག་འབདཝ་ལས་ དུས་ཚོད་མ་ལང་པའི་དཀའ་ངལ་དང་ ཁོང་ལུ་ མ་འོངས་པའི་གོ་སྐབས་དང་འཐུས་ཚུ་ ལེགས་ཤོམ་དང་ ཏན་ཏན་མེད་ནི་དེ་གིས་ ཕམ་ཚུ་ལས་ཡང་ རྒྱབ་སྐྱོར་ལེགས་ཤོམ་མེད་པའི་ གནས་སྟངས་ཚུ་འདུག་ཟེར་ཨིན་པས།
ད་རུང་ སློབ་སྟོན་པ་གིས་ བཤད་མིའི་ནང་ མ་འོངས་པ་ལུ་ འབྲུག་པའི་རྐང་རྩེདཔ་ལེགས་ཤོམ་ཚུ་ སློབ་གྲྭ་ཚུ་ནང་ལས་འཐོན་དོ་ཡོདཔ་ལས་ སློབ་གྲྭ་ནང་ལས་ཕར་ ད་ལྟོ་བཟུམ་སྦེ་མེན་པར་ ཕུཊ་བཱོལ་ལུ་ བརྩི་མཐོང་སྦོམ་བསྐྱེད་དགོཔ་མ་ཚད་ ཁྱད་ཚད་ལྡན་པའི་ ཆོག་ཐམ་འཆང་མི་སློབ་སྟོན་པ་མཁས་མཆོག་ དགོཔ་འདུག་ཟེར་ཨིན་པས།
དེ་ཡང་ ཁོ་གིས་འབད་བ་ཅིན་ ད་ལྟོ་སློབ་གྲྭ་ནང་ལས་ཕར་ རྩེད་རིགས་ཀྱི་སློབ་སྟོན་པ་རེ་ཡོད་རུང་ དམིགས་བསལ་དུ་ རྐང་རྩེད་དོན་ལུ་མེནམ་ལས་ དགོས་མཁོ་ལྡན་པའི་སློབ་སྦྱོང་ཚུ་ མ་ཐོབ་པར་འདུག་ཟེར་ཨིན་པས།
ཁོ་གིས་ ལོ་༢ ཀྱི་རིང་ བུམོ་ཚུ་ལུ་ སློབ་སྟོན་འབད་བའི་སྐབས་ བུམོ་ཚུ་ག་ར་ ཕུཊ་བཱོལ་ལུ་ སྤྲོ་བ་ཡོད་པའི་ཁར་ འཚེར་སྣང་མེད་པར་ སྦྱང་བ་འབད་དོ་ཡོད་རུང་ ཕུཊ་བཱོལ་ལུ་བརྟེན་ མི་ཚེ་སྐྱོང་ཚུགས་པའི་ འོས་འབབ་མེདཔ་ལས་ སྤྲོ་བ་གངམ་མི་ལེན་པས་ཟེར་ཨིན་པས།
དེ་འབདཝ་ལས་ བུམོ་ཚུ་ལུ་ཡང་ བུཚ་ཚུ་བཟུམ་སྦེ་ གོ་སྐབས་བྱིན་དགོཔ་མ་ཚད་ མ་འོངས་པ་ལུ་ རྒྱལ་ཡོངས་ཀྱི་རྐང་རྩེདཔ་ ལེགས་ཤོམ་འོང་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ཡང་ རྒྱབ་སྐྱོར་གནང་དགོཔ་འདུག་ཟེར་ཨིན་པས།
འབྲུག་པའི་ཕུཊ་བཱོལ་སྡེ་ཚན་གྱི་འགོ་ཁྲིདཔ་ སྐྱེས་ལོ་༡༨ ལང་མི་ དགེ་ལེགས་དབང་མོ་གིས་ སླབ་མིའི་ནང་ ད་ལྟོ་རྒྱལ་ཁབ་ནང་ གོ་སྐབས་མང་ཤོས་ བུཚ་གི་རྐང་རྩེདཔ་ཚུ་ལུ་ བྱིན་ཏེ་ཡོདཔ་ལས་ བུམོ་ཚུ་ལུ་ གོ་སྐབས་དང་མཐུན་རྐྱེན་ཚུ་ལེགས་ཤོམ་མེདཔ་མ་ཚད་ སྤྲོ་བ་བསྐྱེད་མི་ཡང་ གངམ་མེདཔ་ལས་ མ་འོངས་པའི་ལུ་ གོ་སྐབས་འདྲ་མཉམ་སྦེ་ བྱིན་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ ཕུཊ་བཱོལ་རྩེད་མི་ བུམོ་ཚུ་གི་དོན་ལུ་ ཕུཊ་བཱོལ་གྱི་ སྦྱོང་བརྡར་ཁང་ནང་སྦེ་ ཤེས་ཡོན་སྦྱང་ས་ཅིག་ཡང་ དགོཔ་འདུག་ཟེར་ཨིནམ་ད་ ད་ལྟོ་འབད་བ་ཅིན་ རྐང་རྩེདཔ་ཚུ་ སྦྱོང་བརྡར་འབད་ས་དང་ སློབ་སྦྱོང་འབད་ས་གཉིས་ སོ་སོར་འབདཝ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དཔེ་ཆ་ལྷབ་ནི་དང་ སྦྱང་བ་འབད་ནིའི་དུས་ཚོད་མེདཔ་ལས་ རེ་ཚེ་སྐབས་ སྦྱང་བ་མཇུག་བསྡུ་ཞིནམ་ལས་ དཔེ་ཆ་བལྟ་ནི་དང་ སྦྱོང་ལཱ་འབད་ནིའི་དུས་ཚོད་མ་ཐོབ་ནི་དེ་གིས་ སློབ་གྲྭ་ནང་ སློབ་དཔོན་ཚུ་གིས་ ཚོགས་བརྡ་བཏངམ་མས་ཟེར་ཨིན་པས།
རྐང་རྩེདཔ་ཚུ་གི་ ལྕོགས་གྲུབ་ཡར་སེང་འབད་དགོ་པ་ཅིན་ བུམོ་ཚུ་གི་དོན་ལུ་ སྡེ་ཚན་བཟོ་ཞིནམ་ལས་ ཕྱི་ཁའི་རྐང་རྩེདཔ་ཚུ་ སྡེ་ཚན་ཁག་གིས་ གླ་ཁར་ལེན་སྟེ་ རྩེད་འགྲན་འབད་བཅུག་པ་ཅིན་ ཉམས་མྱོང་ལེགས་ཤོམ་འཐོབ་ནི་ཨིནམ་མ་ཚད་ ཕྱི་ཁ་ལས་ཕར་ ཉམས་མྱོང་འཐོབ་ནིའི་དོན་ལུ་ རྩེད་འགྲན་འབད་བར་ འཁྱིད་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ བུམོ་ཚུ་གིས་ ལོ་༢ ལས་སྦྱང་བ་མ་འབད་རུང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ལས་ ད་ལས་ཕར་འབད་རུང་ ཁོང་ལུ་ གོ་སྐབས་གནང་པ་ཅིན་ གྲུབ་འབྲས་ལེགས་ཤོམ་འཐོན་འོང་ཟེར་ཨིནམ་ད་ ད་རུང་ རྐང་རྩེདཔ་ཚུ་ལུ་ མ་འོངས་པའི་དོན་ལུ་ འཐུས་དང་ཐོབ་ཐངས་ཚུ་ ག་ནི་ཡང་མེདཔ་ལས་ མང་ཤོས་ཀྱིས་ སློབ་རིམ་༡༢ པ་ལས་ བཤོལ་བཞགཔ་མས་ཟེར་ བཤདཔ་ཨིན་པས།
སློབ་སྟོན་པ་གིས་ སླབ་མིའི་ནང་ བུམོ་ཚུ་ལུ་ ཕུཊ་བཱོལ་རྩེད་ནིའི་ རྒྱུ་སྐུལ་འབད་ནི་དང་ ཁག་ཆེ་ཤོས་ཅིག་ རྒྱལ་ཁབ་ནང་འཁོད་ལས་ སློབ་སྟོན་པ་ཅིག་ དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ཁོ་ར་་ ཕྱི་ཁ་ལས་འབད་ནི་དེ་གིས་ ནམ་ཅིག་གི་ཚེ་ ལོག་འགྱོ་ནི་ཨིནམ་ལས་ གཏན་འཇགས་ཀྱི་ རྐང་རྩེདཔ་ཚུ་དང་གཅིག་ཁར་སྡོད་དེ་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་མི་ སློབ་སྟོན་པ་ཅིག་དགོཔ་འདུག་ཟེར་ཨིན་པས།
འབྲུག་རྐང་རྩེད་ཚོགས་པ་གིས་ སང་ཕོད་ལས་ བུམོ་ཚུ་ལུ་ ཁས་བླངས་འབད་མི་ལྟར་དུ་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *