ད་རིས་ ཚོགས་འདུ་གིས་ ཅ་དམ་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཆ་འཇོག་འབད་ནི།

༉ གཞུང་གིས་ རྒྱལ་ཁབ་༣ པ་ཚུ་ལས་ ནང་འདྲེན་འབད་མི་ཚུ་ལུ་ ཅ་དམ་ཁྲལ་ བརྒྱ་ཆ་༥༠ དེ་ཅིག་ བཀལ་སྲོལ་ཡོད་མི་དེ་ བརྒྱ་ཆ་༡༠ ལུ་ མར་ཕབ་འབད་ནིའི་ གྲོས་འདེབས་འབད་མི་ལུ་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ ཚ་གྱང་ ཡོད་ལུགས་ཀྱི་ ཞུ་བ་ཕུལ་ཡོད་རུང་ ད་རིས་ འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དེ་ ཆ་འཇོག་འབད་ནི་ཨིན་པས།

ཅ་དམ་ཁྲལ་གྱི་ གྲོས་འདེབས་དེ་གིས་ རྒྱལ་ཁབ་༣ པ་ལས་ ནང་འདྲེན་འབད་མི་ཅ་ཆས་ཚུ་ ཁེ་ཏོག་ཏོ་འགྱོ་ནི་ཨིན་རུང་ སྣུམ་ འཁོར་དང་ ཆང་རིགས་ ཏམ་ཁུ་ དེ་ལས་ གསེར་དངུལ་རིགས་ཚུ་གི་ཁྲལ་ལུ་ བསྒྱུར་བཅོས་མེདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༧ ལུ་ དཔྱད་ཡིག་དེ་ལུ་ གྲོས་བསྡུར་འབད་བའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ཅ་དམ་ཁྲལ་གྱིས་ སྤྱིར་བཏང་ལུ་ ཁེ་ཕན་འབྱུང་ནི་ཨིན་རུང་ དེ་གིས་ ནང་འཁོད་ཀྱི་བཟོ་གྲྭ་ཁང་ཚུ་ལུ་ ཐོ་ཕོག་པའི་ ཚ་གྱང་ཡོད་ཟེར་ཞུ་ཡི།

ཁ་ཙ་ འཕྲོ་མཐུད་གྲོས་བསྡུར་འབད་བའི་སྐབས་ རྒྱལ་ཁབ་༣ པ་ལས་ ཤིང་བཟོ་ལྟེ་བ་ཚད་འཛིན་གྱིས་ ནང་ཆས་ཀྱི་རིགས་ བཟོ་ནིའི་དོན་ལུ་དང་ བསྟན་སྲུང་ཕན་བདེ་ལས་འགུལ་གྱི་ ཆང་བཟོ་ཁང་གི་དོན་ལུ་ གྱིབ་ཤིང་གི་རིགས་ ནང་འདྲེན་འབད་མི་ གནད་དོན་དེ་ལུ་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ གྱིབ་ཤིང་གི་ཚབ་བཏུབ་པའི་ སྤུས་ཚད་ཅན་གྱི་ ཤིང་རིགས་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ ལངམ་སྦེ་ཡོདཔ་ལས་ དེ་ཚུ་སྤྱོད་ནིའི་ཐབས་ལམ་བཏོན་པ་ཅིན་ མི་བཏུབ་ག་ཟེར་ཞུ་ཡི།

སྒང་ཟུར་སྨིན་རྒྱས་ཀྱི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ རྒྱལ་ཁབ་ནང་ ཤིང་འབོལ་དྲགས་ཡོདཔ་ལས་ ལས་འགུལ་དང་ ལྟེ་བ་དེ་ནང་ ལག་ལེན་འཐབ་མི་ ཤིང་རིགས་བཟུམ་ ལ་ཁ་ལས་ཕར་ ལེ་ཤ་མཐོང་ཡོདཔ་ལས་ ནང་འདྲེན་མེདཔ་སྦེ་བཟོ་བ་ཅིན་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཕན་ཐོགས་ནི་མས་ཟེར་ཞུ་མི་དེ་ཡང་ ཡིག་ཚང་དེ་༢ ཀྱིས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་གནས་པའི་ཤིང་ཆས་ ཚུ་ལོ་བསྟར་བཞིན་དུ་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།

བར་མཚམས་ཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ བསྟན་སྲུང་ཕན་བདེ་ལས་འགུལ་གྱིས་ ཆང་བཟོ་ནིའི་ དོན་ལུ་ལག་ལེན་འཐབ་མི་ ཟོམ་གྱི་དོན་ལུ་ མ་དངུལ་རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་མི་དེ་ལུ་ ཁྲལ་མར་ཕབ་རྐྱབ་པ་ཅིན་ ལས་ འགུལ་དེ་གིས་ ཆང་མང་སུ་བཟོ་སྟེ་ མི་སྡེ་ལུ་གནོད་པ་མང་སུ་ འབྱུང་ཉེན་ཡོད་པའི་ཁར་ དཔལ་འབྱོར་ཡུན་བརྟན་བཟོ་ནིའི་གོ་སྐབས་དེ་ ད་ལྟོ་ ནད་ཡམས་ཀྱི་དུས་ཚོད་ནང་ཨིནམ་ལས་ གོ་སྐབས་ལེན་དགོ་ཟེར་ཞུ་ཡི།

དེ་ལུ་ སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཤིང་ཆས་འབོལ་དྲགས་སྦེ་ཡོད་རུང་ ཚོང་འབྲེལ་དོན་ལུ་སྤྱོད་པ་ཅིན་ རྒྱལ་ཁབ་ཀྱི་ནགས་ཚལ་ཁྱབ་ཚད་ དུས་རྒྱུན་དུ་ བརྒྱ་ཆ་༦༠ ཡན་ཆད་བཞག་དགོཔ་སྦེ་ཡོད་མི་ལུ་ ཐོ་ཕོག་ནི་ཨིན་པའི་ཁར་ རྒྱལ་ཁབ་ནང་ ཀར་བཱོན་བར་གནས་ནང་ བཞག་དགོ་པའི་ དམིགས་གཏད་ཡོད་མི་ལུ་ཡང་ ཉེན་ཁ་བཀལ་ནིའི་ ཉེན་ཁ་ཡོད་ཟེར་ཞུ་ཡི།

འབྲུག་རྗེས་སྒང་རྩེ་ཟའི་འཐུས་མི་ འགྱུར་མེད་དབང་ཕྱུག་གིས་ གྱིབ་ཤིང་ནང་འདྲེན་གྱི་ ཁྲལ་གྱི་བརྒྱ་ཆ་དེ་༡༠ སྦེ་ གྲོས་འདེབས་འབད་མི་ལུ་ རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི།

དེ་བཟུམ་སྦེ་ སྦྱར་ལེབ་ཀྱི་དོན་ལུ་ཡང་ ཁྲལ་བརྒྱ་ཆ་༡༠ ལས་༣༠ ལུ་ སེང་ནིའི་གྲོས་འདེབས་འབད་མི་ལུ་ འཐུས་མི་ལ་ལོ་གིས་ འབྲུག་མི་ཚུ་ལུ་ མཁོ་ཆེ་ཤོས་ཅིག་ སྦྱར་ལེབ་དེ་ཨིནམ་ལས་ དེ་གི་ཁྲལ་དེ་ ཉུང་ཤོས་སྦེ་ བཞག་དགོཔ་སྦེ་ ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཁྲལ་དེ་ ན་འཐན་བརྟག་དཔྱད་འབད་དགོ་པའི་ གནད་དོན་ཅིག་ཨིནམ་ལས་ དེ་འཕྲོ་ལས་ ཐག་མ་བཅད་པར་ ཤུལ་མའི་ཚོགས་ཐེངས་ནང་ བཙུགས་ནིའི་འོས་འབབ་བལྟ་དགོ་པའི་ གྲོས་འདེབས་འབད་མི་ལུ་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ དཔྱད་ཡིག་དེ་ ལྷག་ཐེངས་༣ འབད་ཚར་ཡོདཔ་ལས་ ཕར་འགྱངས་འབད་ནིའི་ འོས་འབབ་མེད་ཟེར་གསུངས་ཡི།

འཐུས་མི་པ་སངས་རྡོ་རྗེ་གིས་ རྒྱལ་ཁབ་ཀྱིས་ ནང་འདྲེན་མེན་པར་ ཕྱིར་ཚོང་འཐབ་ནིའི་ནང་ ཤུགས་བཏོན་དགོ་ཟེར་ཞུ་ཡོདཔ་ད་ ནང་འདྲེན་འབད་ནི་དེ་ དགོས་མཁོ་དང་འཁྲིལ་ འབད་དགོ་ཟེར་ཞུ་ཡི།

ནང་འདྲེན་འབད་མི་དེ་གིས་ ནང་འཁོད་ཀྱི་ བཟོ་གྲྭ་འཕྲུལ་ཁང་ཚུ་ལུ་ གནོད་ནི་མེད་ཟེར་ཞུ་མི་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཟོ་གྲྭ་འཕྲུལ་ཁང་ཚུ་ལུ་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ཐོག་ལས་ ཁྲལ་གྱི་ཡངས་ཆག་ བྱིན་ཏེ་ཡོདཔ་ལས་ གནོད་པ་མི་འབྱུང་ཟེར་ཞུ་ཡི།

ཅ་དམ་ཁྲལ་གསརཔ་དེ་ ཅ་ཆས་རིགས་༥༠༠ དེ་ཅིག་ལུ་ བཀལ་ནིའི་འཆར་གཞི་ཡོདཔ་ད་ དེ་གི་གྲས་ཁར་ གསོ་བའི་ཅ་ཆས་ དང་ སོ་ནམ་ཐོན་སྐྱེད་དང་ ཤེས་རིག་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ཚུད་དེ་ཡོདཔ་ད་ འཕྲི་སྣོན་དཔྱད་ཡིག་དེ་ ད་རིས་ རྒྱལ་ ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *