ད་རིས་ མི་སེར་ཚུ་གིས་ རང་སོའི་ཐོབ་དབང་སྤྱོད་ནི།

༉ ད་རིས་ཀྱི་ ཕྱི་རུ་ཁམས་ཅིག་ལས་ གནས་སྟངས་མ་འདྲཝ་སྦེ་ བསྒྱུར་གཏང་ནི་ཨིན་མི་དེ་ཡང་ དགའ་སྐྱོ་དང་ དགའ་ངུའི་མཐོང་སྣང་གཉིས་ཆ་ར་འབྱུང་འོང་།

དེ་ཡང་ ད་ཚུན་གྱི་བར་ན་ ཚོགས་རྒྱན་གྱི་ཉིནམ་ ནམ་འཐོན་འོང་ག་ཟེར་ སག་ལང་སྟེ་སྡོད་མི་ འབྲུག་པའི་མི་སེར་ཚུ་གིས་ རྒྱལ་ཁབ་ཀྱི་ འགོ་ཐོག་བཙག་འཐུ་གཉིས་པའི་ནང་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༤ ལས་༢ སྤྱིར་བཏང་བཙག་འཐུའི་དོན་ལུ་ རང་སོའི་གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་འགྲུབ་ནི་ཨིན།

ངེས་མེད་ཀྱི་ གྲུབ་འབྲས་གསལ་བསྒྲགས་འབད་བའི་བསྒང་ལས་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་༢ དང་ རྒྱབ་སྐྱོར་པ་ཚུ་ལུ་ དགའ་སྤྲོད་ཚད་མེད་ འབྱུང་ནི་དང་ སྲིད་ཚོགས་ཕམ་མི་༢ ལུ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ལུ་ འགྱུར་ནི་ཨིན་མས།

ཨིན་རུང་ མི་མང་གིས་ ཐག་མ་བཅད་པའི་ཧེ་མར་ སྲིད་དོན་གནས་སྟངས་ཚུ་ལུ་ རྗེས་དཔྱད་འབད་མི་ཚུ་གིས་ བཙག་འཐུའི་གྲུབ་འབྲས་ ཚོད་དཔག་འབད་ནི་ལུ་ འདས་པའི་བདུན་ཕྲག་དག་པ་ཅིག་གི་རིང་ལུ་ དྲི་བ་སྣ་ཚོགས་བཀོད་་ཡོད་མི་དེ་ཡང་ འབྲུག་མི་ཚུ་གིས་ སྲིད་ཚོགས་༤ འི་གྲས་ལས་༢ ག་དེ་སྦེ་ གདམ་འཐུ་འབད་ནི་ཨིན་ན? ཁོང་གིས་ རྒྱུན་མཐུད་ ཡང་ཅིན་ སོར་བསྒྱུར་ལུ་ གདམ་ཁ་རྐྱབ་འོང་ག? ཡང་ཅིན་ སྲིད་ཚོགས་རྙིངམ་ ཡང་ཅིན་ གསརཔ་གདམ་ནི་ཨིན་ན? ཉམས་མྱོང་ཅན་ ཡང་ཅིན་ སྤྲོ་བ་ཡོད་མི་ཚུ་ གདམ་ནི་ཨིན་ན? དེ་མེན་རུང་ སྲིད་དོན་ཚོགས་པ་ཚུ་གི་འགོ་འཛིན་ ཡང་ཅིན་ འདེམས་ངོ་ཚུ་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་འོང་ག?

དྲི་བ་དེ་ཚུ་ ད་རིས་དྲོ་པའི་ཆུ་ཚོད་༩ ལས་ ཚོགས་རྒྱན་སྐྱུར་མི་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ རང་སོའི་གསང་བའི་ཚོགས་རྒྱན་བཙུགས་པར་འགྱོཝ་ད་ མནོ་བསམ་གཏང་ནི་གི་ འོས་འབབ་ཡོདཔ་བཞིན་དུ་ རང་གིས་དགའ་མི་ སྲིད་ཚོགས་ལུ་ ག་ཅི་སྦེ་ ཚོགས་རྒྱན་བཙུགས་དགོཔ་ཨིན་ན་ ཤེས་དགོཔ་དེ་ཡང་གལ་ཆེ།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ང་བཅས་རའི་ ཚོགས་རྒྱན་སྐྱུར་མི་ཚུ་གི་ ཁ་ཐུག་ལས་ རང་མོས་དང་ རྣམ་དག་ཐོག་ལས་ ཚོགས་རྒྱན་བཙུགས་ཐབས་ལུ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ ཚོགས་རྒྱན་འགོ་དཔོན་དང་ འདེམས་ཁྲི་འགོ་དཔོན་ སྲུང་སྐྱོབ་དམག་མི་སྟོང་ཕྲག་ལས་བཅད་དེ་ བགོ་བཀྲམ་འབད་ཡོདཔ་ལས་ རྒྱལ་ཁབ་འདི་ རྒྱལ་རབས་དང་ལྡན་པའི་ སྤྱི་ཚོགས་༣ པའི་ འགོ་ཐོག་བཙག་འཐུ་དེ་ འགོ་འདྲེན་འཐབ་ནི་གི་ གྲ་སྒྲིག་འབད་དེ་འདུག།

དེ་གི་ནང་དོན་ཉིད་ལས་ འདས་པའི་བདུན་ཕྲག་དག་པ་ཅིག་གི་རིང་ལུ་ སྲིད་དོན་ཚོགས་པ་དང་ རྒྱབ་སྐྱོར་པ་ཚུ་གིས་ ཁས་བླངས་གསལ་བསྒྲགས་དང་ སྐུལ་བསྒྲགས་ཚུ་ མ་བཏུབ་བཏུབ་སྦེ་ འབད་ཡོདཔ་ལས་ ང་བཅས་ཀྱི་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ གྲ་སྒྲིག་ཚུད་དེ་ཡོདཔ་ཨིན།

འདི་འབདཝ་ལས་ ཁྱད་ཚན་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཚོགས་རྒྱན་ས་ཁོངས་ནང་ གསང་བའི་ཚོགས་རྒྱན་བཙུགས་པར་འགྱོཝ་ད་ རང་སོའི་ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་ འབག་དགོ་པའི་ཁར་ འདྲ་པར་ནང་ བཀོད་དེ་ཡོད་པའི་ ཚོགས་རྒྱན་ས་ཁོངས་ནང་ མ་འཛོལ་བར་ འགྱོ་ནི་དེ་ གལ་ཆེ་མི་དེ་ཡང་ ད་ཚུན་གྱི་བར་ན་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སག་ལང་སྟེ་ བསྒུགས་སྡོད་པའི་མཐའ་མར་ རང་སོའི་ཐོབ་དབང་སྤྱོད་མ་ཚུགས་པ་ཅིན་ ཁུངས་མེདཔ་འགྱོཝ་ཨིན།

མ་གཞི་ འབྲུག་ལུ་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་ཞིནམ་ལས་ ལོ་ངོ་བཅུ་ཕྲག་ལྷག་ཡོདཔ་མ་ཚད་ སྤྱི་ཚོགས་ཀྱི་ བཙག་འཐུ་ནང་ ལན་ཐེངས་ལེ་ཤ་ འགོ་འདྲེན་འཐབ་ཡོདཔ་ལས་ ཉམས་མྱོང་ཚུད་ཡོད་རུང་ གནད་དོན་ཆུང་ཀུ་ཅིག་གིས་ ཚོགས་རྒྱན་གྱི་ ཁྱད་པར་བཟོ་མ་ཚུགསཔ་ འགྱོ་ནི་གི་ འོས་འབབ་ཡོད།

འདི་དང་གཅིག་ཁར་ ད་རེས་ ང་བཅས་རའི་ མི་སེར་ཚུ་ ཚོགས་རྒྱན་བཙུགས་པར་འགྱོཝ་ད་ རང་གི་དབང་ཚད་ཐོག་ལུ་ཡོད་མི་ ནོརབུ་དང་འདྲ་བའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ མི་གཞན་གྱི་ ཕྱོགས་ལྷུང་དང་ ནང་གསུག་ དེ་ལས་ ངན་བསྐུལ་གྱི་་དབང་ལུ་མ་ཐལ་བར་ རང་སོམ་རྣམ་དག་ཐོག་ལས་བཙུགས་ཏེ་ མི་སེར་གྱི་ འཕྲལ་གྱི་སྐྱིད་སྡུག་མཐོང་མི་དང་ རྒྱལ་ཁབ་ཀྱི་ ཕུགས་ཀྱི་བཙན་ཐབས་ལུ་ ཕན་གནད་ཆེ་བའི་ སྲིད་ཚོགས་༢ བཙག་འཐུ་འགྲུབ་གནང་བའི་ རེ་སྨོན་ཡོད།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *