ཁ་ཙ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ སུསི་མ་ སའུ་རཱཇ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ མཇལ་ཕྲད་ཞུ་བའི་བསྒང་།

ད་རིས་ བློན་ཆེན་གྱིས་ རྒྱ་གར་གྱི་ སྲིད་འཛིན་དང་ བློན་ཆེན་རྣམ་༢ དང་ མཇལ་ཕྲད་གནང་ནི།

༉ ཁ་ཙ་ཕྱི་རུ་ ནིའུ་ལྡི་ལི་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ སུསི་མ་ སའུ་རཱཇ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ མཇལ་ཕྲད་ཞུ་ནུག།
དེ་བསྒང་ དབུ་ཁྲིད་གཉིས་ཀྱིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞུང་འབྲེལ་ཐོག་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་སྐབས་ མཐུན་འབྲེལ་ལྷག་པར་དུ་ གནས་ཚད་གསརཔ་ནང་ བསྐྱལ་ནིའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།
བློན་ཆེན་མཆོག་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གི་ མགྲོན་བརྡ་ཐོག་ རྒྱ་གར་ལུ་ ཁ་ཙ་ལས་ ཉིན་གྲངས་༣ གྱི་རིང་ གཞུང་འབྲེལ་གཟིགས་སྐོར་པར་ བྱོན་ཡོདཔ་ཨིན་པས།
བློན་ཆེན་དང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ ནིའུ་ལྡི་ལིར་ ཨིན་ད་ར་གཱན་དྷི་རྒྱལ་སྤྱི་གནམ་ཐང་ནང་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གི་ མངའ་སྡེ་བློན་པོ་ གུང་བློན་བི་ཀེ་སིང་དང་ རྒྱ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ནུག།
རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ ཁྲི་འཛིན་དང་འཐུས་མི་ དེ་ལས་ ར་ཇ་ས་བྷ་ཚོགས་ཁང་གོང་མའི་ ཁྲི་འཛིན་འོག་མ་ བྷུབ་ནིཤ་ཝར་ ཀ་ལི་ཊ་དང་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཐོབ་མི་ ཨར་ཨེན་ ཨ་ནིལ་གྱིས་ བློན་ཆེན་དང་ མཇལ་ཕྲད་ཞུ་ནུག།
བློན་ཆེན་དང་ཕྱག་ཞུ་སྟེ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་དང་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་ ཕྱི་འབྲེལ་དྲུང་ཆེན་ བསོད་ནམས་ཚོང་ བསྟན་རྒྱས་དྲུང་ཆེན་ དྲགོས་ཡེ་ཤེས་དབང་འདུས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་ རྒྱ་གར་ལུ་ འབྲུག་གི་གཞུང་ཚབ་ ཚུ་ཡོདཔ་ཨིན་པས།
ད་རིས་ བློན་ཆེན་གྱིས་ རྒྱ་གར་གྱི་སྲིད་འཛིན་ རམ་ནཱཐ་ ཀོ་བིནཌ་དང་ བློན་ཆེན་ན་རེན་ད་ར་མོ་དི་རྣམ་གཉིས་དང་ མཇལ་ཕྲད་གནང་ནི་ཨིན་པས།
རྒྱ་གར་གྱི་ དབུ་ཁྲིད་ཚུ་དང་ ཞལ་འཛོམས་གནངམ་ད་ རྒྱ་གར་གཞུང་གིས་ འབྲུག་གི་ལོ་ལྔའི་འཆར་གཞི་༡༡ པའི་ནང་ བརྩེ་བའི་གྲོགས་རམ་གནང་མི་དེ་ལུ་ བློན་ཆེན་གྱིས་ འབྲུག་གི་མི་སེར་དང་ གཞུང་གི་ཧོངས་ལས་ བཀྲིན་དགའ་ཚོར་ཞུ་ནི་ཨིནམ་ད་ འབྲུག་གི་འཆར་གཞི་༡༡ པ་དེ་ སྤྱི་ལོ་༢༠༡༣ ལུ་ འགོ་བཙུགས་ཏེ་ འདས་པའི་ཟླཝ་ནང་ མཇུག་བསྡུ་ཡི།
ད་རུང་ གཟིགས་སྐོར་གྱི་སྐབས་ལུ་ བློན་ཆེན་གྱིས་ ཕན་ཚུན་རྒྱལ་ཁབ་གཉིས་ཀྱི་ མཐའ་དོན་དང་ མཉམ་འབྲེལ་གནད་དོན་ དེ་ལས་ འབྲུག་གི་འཆར་གཞི་༡༢ པའི་ནང་ རྒྱ་གར་གཞུང་གི་ གྲོགས་རམ་སྐོར་ལས་ གསུང་གྲོས་གནང་འོང་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
བློན་ཆེན་གྱི་ གཟིགས་སྐོར་ལས་རིམ་དེ་ཡང་ འབྲུག་དང་ རྒྱ་གར་གྱི་བར་ན་ དུས་རྒྱུན་དུ་ ཆེ་མཐོའི་གནས་རིམ་ནང་ ཕན་ཚུན་གཟིགས་སྐོར་གནང་སྲོལ་ཡོད་མི་དང་འཁྲིལ་ཨིན་པས།
བློན་ཆེན་གྱི་ གཟིགས་སྐོར་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་བར་ན་ དམིགས་བསལ་གྱི་ མཐུན་ལམ་དང་ གོ་བརྡ་དམ་ཟབ་ཡོད་མི་དེ་ ལྷག་པར་དུ་ རྩ་བརྟན་འགྱོ་ནི་ལུ་ ལྷན་ཐབས་སྦོམ་འབྱུང་འོང་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *