བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་འཕྲུལ་ཆས་ཚུ་ གྲ་སྒྲིག་འབད་བའི་བསྒང་།

ད་རིས་ བཀྲིས་སྒང་ལུ་ འདེམས་ངོ་༧ གྱིས་ དོ་འགྲན་འབད་ནི།

བཀྲིས་སྒང་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཁ་མ་ཕྱེཝ་ལས་ར་ མི་ཚུ་གིས་ རང་སོའི་ སྔོན་བཤད་འབད་ནི་ འགོ་བཙུགསཔ་ཨིན་པས།

དེ་ཡང་ ཉིན་མའི་ལྟོ་ཟ་སྡོད་མི་ སྡེ་ཚན་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་ནང་ དམིགས་བསལ་འདེམས་ངོ་ཅིག་གིས་ ཨང་༣ པ་ཐོན་ཡོད་པའི་ ལོ་རྒྱུས་ཚུ་ སླབ་སྡོདཔ་ཨིན་པས།

ཨིད་རུང་ བཙག་འཐུ་འགོ་དཔོན་ཚུ་གིས་ ཁ་ཙ་ནུབ་མོ་ དུས་ཚོད་ཕྱིས་ཏེ་འབད་རུང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གྱངས་ཁ་རྐྱབ་སྡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡༨ ལུ་འབད་བ་ཅིན་ བཀྲིས་སྒང་ལུ་ ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༩,༠༨༨ ཐོབ་ཡོད་མིའི་ནང་ལས་ དམག་སྡེ་དང་ ཕྱི་རྒྱལ་ དེ་ལས་ མཐའ་ཟུར་ས་གནས་ཚུ་ལས་ ཐད་ཀར་དུ་བཏང་མི་ འགྲེམ་ཐོག་ཚོགས་རྒྱན་༣,༤༤༡ དང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ཚུ་ལས་༥,༦༤༧ ཨིན་པས།

ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ལས་ ཐད་ཀར་དུ་བཏང་མི་ འགྲེམ་ཐོག་ཚོགས་རྒྱན་༣,༨༦༦ ཡོདཔ་ད་ དེའི་གྲས་ལས་༣༩ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེད་མི་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ཨིན་པས།

ཨིན་རུང་ བཙག་འཐུ་འགོ་དཔོན་ཚུ་གིས་ ཁ་ཙ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བསྡུ་སྒྲིག་འབད་མ་ཚར་བར་ཡོདཔ་ད་ འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ བཀྲིས་སྒང་གིས་  ཐད་ཀར་དུ་བཏང་མི་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ཚུ་ལས་ འགྲེམ་ཐོག་ཚོགས་རྒྱན་༡༢,༡༡༡ འཐོབ་དགོཔ་ཨིན་པས།

ཁ་ཙ་བཟུམ་ཅིག་འབད་བ་ཅིན་ བཀྲིས་སྒང་ཁྲོམ་ནང་སྡོད་མི་ མི་རློབས་ཕྱེད་དེ་ཅིག་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་པར་ སོང་ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *